ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ། མཛེས་པའི་བོད་ཡུལ་འགྲིམ་པའི་ཁག་བཞི་བ།
2019.06.20 ཁུངས། ཀློག་གྲངས། 112

ཁམས་པའི་ཕོ་རྒོད་སྡེ་བའི་ཁམས་པའི་སྟག་ཤར་ཚོ། 

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ། མཛེས་པའི་བོད་ཡུལ་འགྲིམ་ཞེས་པའི་བཅར་འདྲི་ཚན་ཆུང་ཟླ6པའི་ཚེས19ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་མགོ་ལོག་གྲོང་རྡལ་གྱི་ཁམས་པའི་ཕོ་རྒོད་སྡེ་བར་སོང་བ་ཡིན།(སྔོན་ཆད་སྡེ་བ་དེར་རྒྱ་བཙུགས་སྡེ་བ་ཟེར།སྡེ་བ་དེས་2017ལོར་རྒྱལ་ཁབ་རིམ་པའི་A4ཡི་མཛེས་ལྗོངས་ཁུལ་དངོས་སུ་སྐྲུན་མགོ་བརྩམས་པ་ནས་ད་ལྟའི་བར་སྡེ་བའི་ཡོང་འབབ་ཇེ་ལེགས་སུ་སོང་ཡོད་པ་དང་། ལྟད་མོ་བ་གནས་དེར་ཐོན་དུས་སྡེ་བའི་ཕོ་རྒོད་ཚོས་ཁམས་པའི་ཕོ་རྒོད་ཀྱི་གཟུགས་གཞི་ངོམ་པའམ་གོན་གྱོས་དང་གླུ། ཞབས་བྲོ། རྡུང་ལེན་སོགས་འཁྲབ་སྟོན་བྱས་ཏེ་མགྲོན་པོའི་ཡིད་ལ་བག་ཆགས་ཟབ་མོ་བཞག་པ་རེད། 

ཁམས་པའི་ཕོ་རྒོད་སྡེ་བའི་ཟུར་ཞིག

ཁམས་པའི་ཕོ་རྒོད་སྡེ་བ་ནི“ཁམས་པའི་ཕོ་རྒོད”ཀྱི་ཕ་ཡུལ་ཡིན་པ་དང་སྡེ་བའི་ནང་གཟུགས་པོའི་རིང་ཚད་སྨིད་1.85ཡན་ཟིན་པའི་ཁམས་པའི་གསར་བུ་མང་པོ་ཡོད་པ་དང་གཟུགས་སྟོབས་ཆེ་ལ་བརྗིད་ཉམས་ཆེ་བས། ཡུལ་ཕྱོགས་གཞན་པའི་ལྟ་སྐོར་བ་ཆེད་དུ་སྡེ་བ་དེར་ཡོང་མཁན་མང་པོ་ཡོད།  སྡེ་བའི་ཕོ་རྒོད་ཚོས་ཁམས་ཕྱོགས་ཀྱི་གོམས་སྲོལ་མ་ཉམས་སོར་འཇོག་བྱས་ཡོད་པ་དང་། ལྕང་ལོའི་ནང་དར་སྐུད་ནག་པོས་འདབ་མ་བཞི་དང་། འདབ་མ་དྲུག   འདབ་མ་བརྒྱད་བཅས་ཀྱི་དབྱིབས་སུ་གྲུབ་ཡོད་པ་དང་། ལྕང་ལོའི་སྟེང་བྱུ་རུའི་མུ་ཏིག་དང་། བ་སོའི་ཨ་ལོང་། མཛུབ་དཀྲིས་བཅས་ཀྱིས་ལྕང་ལོ་རྒྱན་ཡོད།

ཁམས་པའི་ཕོ་རྒོད་ཚོའི་གཟུགས་གཞིའི་རིང་ཐུང་དང་ལུས་སྟོབས་ཆེ་ཆུང་ལ་ཕྱི་ཡོང་མགྲོན་པོ་དག་གི་ཡིད་དབང་འཕྲོག་པར་མ་ཟད་ད་དུང་སྡེ་བར་2012ལོར་རིག་དངོས་རྫ་བཟོས་སྐོར་ཞིག་རྙེད་པ་དེས་གནའ་ཤུལ་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཁུངས་སྣེ་འབའ་ཞིག་ཏུ་གྱུར་ཡོད། གནས་དེ་ནི་རི་མཐོའི་འབྲོག་ཁུལ་ཞིག་ཡིན་པའི་ངོས་ནས་དེ་གར་མཐོ་བའི་རི་དང་མཛེས་པའི་རྩྭ་ཐང་། སྟུག་པའི་ནགས་ཚལ། དྭངས་པའི་ཆུ་མོ་སོགས་གཞི་གཅིག་ཏུ་འདུས་པའི་རང་བྱུང་མཛེས་ལྗོངས་གྲུབ་ཡོད། 


མགྲོན་པོ་སྣེ་ལེན་བྱེད་སའི་ནང་གི་བཀོད་པ། 

མགོ་ལོག་གྲོང་རྡལ་ཁམས་པའི་ཕོ་རྒོད་སྡེ་བར་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་མ་དངུལ་བཏང་ནས་གཞུང་ལམ་དང་། ཟམ་པ། རྐང་ཐང་བགྲོད་ལམ། ཡུལ་སྐོར་ལྟེ་གནས་སོགས་རྨང་གཞིའི་ཆས་སྒྲིག་འཛུགས་སྐྲུན་བྱས་པས། ད་ལྟ་སྡེ་བའི་མགྲོན་པོ་སྣེ་ལེན་ཁང་གི་མཛེས་རྒྱན་དང་བཀོད་པ་སྣ་འཛོམས་པོ་རེད། 

མགྲོན་པོ་སྣེ་ལེན་བྱེད་ས། 

མགོ་ལོག་གྲོང་རྡལ་ཁམས་པའི་ཕོ་རྒོད་སྡེ་བར་A4ཡི་མཛེས་ལྗོངས་ཁུལ་བསྐྲུན་ནས་ཀྲུང་གོའི་ཡུལ་སྐོར་མཛེས་ལྗོངས་སུ་བསྒྱུར་བའི་ཕྱོགས་སུ་རྣམ་པ་གསར་པ་གསར་གཏོད་བྱེད་རྩིས་ཡོད་པ་དང་ཁོ་ཚོས་ཕྱོགས་ཡོངས་ཀྱི་མགྲོན་པོ་རྣམས་ཁམས་པའི་ཕོ་རྒོད་སྡེ་བར་ཕེབས་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་བྱེད་བཞིན་ཡོད་ཅེས་མགོ་ལོག་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་རིག་འཛིན་རྡོ་རྗེ་ཡིས་དེ་ལྟར་བཤད

གསར་འགོད་པ། དབྱངས་ཅན། སྟོབས་ལྡན་བཀྲ་ཤིས། 

རྩོམ་སྒྲིག་འགན་འཁུར་བ། དབྱངས་ཅན། 
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ། 
 སྤྱིའི་ལྟ་སྐུལ་བ། རྣ་བྷ།