མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་གྱི་རླངས་འཁོར་ཕྱིར་བསྡུ་བའི་མཛད་སྒོ་སྤེལ།
2019.06.23 ཁུངས། ཀློག་གྲངས། 52

ཟླ6པའི་ཚེས22ཉིན།    མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་སྐབས་དྲུག་པའི་ཆེས་མཇུག་མཐའི་ཉིན་གྱི་འགྲན་རིམ་མིན་ཡོན་རྫོང་དང་ཧུའུ་ཀྲུའུ་རྫོང་གི་མངའ་ཁོངས་ནས་སྤེལ་བ་དང་།  ཕྱི་དྲོར་གློག་སྒུལ་རླངས་འཁོར་རུ་ཁག་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་ཟློས་གར་ཁང་ཆེན་མོའི་ཐང་ཆེན་དུ་བསྐྱོད་དེ། གདན་ཞུའི་སྐུ་མགྲོན་དང་།  སྣང་བརྙན་མགྲིན་ཚབ་པ། ཆེད་ཞུའི་ཁ་ལོ་བ།  ཚོང་སྡེ་ཁག་གི་འཐུས་ཚབ་པ།  འགྲན་ཞུགས་རླངས་འཁོར་སོགས་གར་སྟེགས་གཅིག་ལ་འཛོམས་ནས་དྲན་རྟེན་མཉམ་པར་བླངས་ཏེ་རླངས་འཁོར་ཕྱིར་བསྡུ་བའི་མཛད་སྒོ་སྤེལ་ཞིང་། མཚོ་སྔོན་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་སྐབས་དྲུག་པའི་འགྲན་སྡུར་གྱི་རིམ་པ་བདེ་བླག་ངང་མཇུག་བསྡུས།

ཚེས22ཉིན།  གློག་སྒུལ་རླངས་འཁོར་རུ་ཁག་འགྲན་སྡུར་ལམ་ཐིག་སྟེང་འཁེལ་བའི་མིན་ཡོན་རྫོང་འབྲུ་གུ་ཞང་སློབ་ཆུང་དུ་བསྐྱོད་ནས།  སློབ་མ་རྣམས་ལ་སློབ་སྦྱོང་ཡོ་ཆས་དང་ལུས་རྩལ་ཡོ་ཆས་སོགས་གནང་སྦྱིན་གྱིས་སྤྱི་ཕན་བྱ་འགུལ་སྤེལ་བ་དང་།  མིང་གྲགས་ཅན་གྱི་གདན་ཞུའི་མི་སྣ་དག་འབྲུ་གུ་སློབ་ཆུང་གི་སློབ་མ་རྣམས་དང་མཉམ་དུ་སློབ་གསེང་བྱ་འགུལ་ལ་ཞུགས།

རླངས་འཁོར་ཕྱིར་བསྡུ་བའི་མཛད་སྒོའི་སྟེང་རྒྱལ་ཡོངས་ན་སྐད་གྲགས་ཆེ་བའི་སྟེགས་གྲུག་མཁན་ཕན་ཞའོ་ཏིན་དང་།  འཛམ་གླིང་རྩལ་སྦྱོང་འགྲན་སྡུར་གྱི་ཨང་དང་པོ་ཧོང་ཕུའུ་ཞོན།  མིང་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་ཧོང་ཅོན་ཕིན་སོགས་གདན་ཞུའི་མི་སྣ་མིང་གྲགས་ཅན་དག་གིས་གློག་སྒུལ་རླངས་འཁོར་ལ་ཁ་ལོ་བྱས།

མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་སྐབས་དྲུག་པའི་སྟེང་གློག་སྒུལ་རླངས་འཁོར་རིགས་མི་འདྲ་བ་བཅུ་གཉིས་འགྲན་སྡུར་ལ་ཞུགས་པ་དང་། ལེ་དབར་སྟོང་ལ་ཉེ་བའི་འགྲན་སྡུར་ལམ་ཐིག་བརྒྱུད།    འགྲན་ཁུལ12ནས་སྐོར་བསྐྱོད་བྱ་འགུལ་དང་།  ཁྱད་རྩལ་འཁྲབ་སྟོན།  རྒྱུག་རྩལ་འགྲན་སྡུར།  སྒུལ་ཤུགས་འགྲན་སྡུར། བརྟན་བརླིང་རང་བཞིན་འགྲན་སྡུར།  གློག་གི་འདང་ཚད་འགྲན་སྡུར་སོགས་འགྲན་སྡུར་གྱི་རྣམ་གྲངས14སྤེལ་བ་དང་།  གདན་ཞུའི་ཤན་འབྱེད་པ་རྣམས་ཀྱིས་མངོན་གསལ་དང་དྲང་གཞག  འདྲ་མཉམ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་འགྲན་སྡུར་ལ་སྐར་མ་བརྒྱབ།

ཟླ6པའི་ཚེས23ཉིན།  མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་གྱི་དམིགས་བསལ་འགྲན་སྡུར་སྟེ། ཚོགས་རའི་ནང་གི་གཤིབ་འགྲན་གྱི་རིམ་པ་མཚོ་སྔོན་རྩལ་སྦྱོང་ལྟེ་གནས་སུ་སྤེལ་བ་དང་།  དེ་ནི་ཆེད་ལས་ཁ་ལོ་བ་དང་། མིང་གྲགས་ཅན་གྱི་ཁ་ལོ་བ།  ཚོང་སྡེ་ཁག་གི་ཁ་ལོ་བ་སོགས་ཚན་ཁག་བགོས་ཏེ་བསྟུད་མར་དཀྱོག་མང་དང་། ཐད་དཀྱོག  སྒང་གཤོངས་སོགས་ཀྱི་འགག་སྒོ་མང་པོ་བརྒྱུད་ནས་འགྲན་སྡུར་བྱ་དགོས་པ་ཞིག་ཡིན་པས། ལྟད་མོ་བ་རྣམས་ཀྱིས་ཆེས་རེ་སྒུག་བྱེད་ཅིང་ཆེས་ཛ་དྲག་ཆེ་བའི་དམིགས་བསལ་གྱི་འགྲན་སྡུར་ཞིག་ཡིན།

ཚེས23ཉིན་གྱི་དགོང་མོའི་ཆུ་ཚོད7.30སྟེང་།  མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་བ་མཇུག་བསྡུ་བའི་མཛད་སྒོ་དང་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་སྐབས་དྲུག་པའི་བྱ་དགའ་གནང་བའི་དགོང་ཚོགས་མཚོ་སྔོན་རྩལ་སྦྱོང་ལྟེ་གནས་ནས་སྤེལ་རྒྱུ་ཡིན་པ་དང་།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མཚོ་སྔོན་བརྙན་འཕྲིན་ལས་ཐད་གཏོང་བྱ་རྒྱུ་རེད།

གསར་འགོད་པ།  ལྕགས་ཐར་ཚེ་རིང་།