​ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ།མཛེས་པའི་བོད་ཁུལ་འགྲིམ་པའི་ཁག་དྲུག་པ།
2019.06.26 ཁུངས། ཀློག་གྲངས། 238

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ།མཛེས་པའི་བོད་ཁུལ་འགྲིམ་པ་ཞེས་པའི་བཅར་འདྲི་ཚོགས་པ་ཟླ་དྲུག་པའི་ཚེས་ཉི་ཤུའི་ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གྲོང་རྡལ་ཆ་ཚང་སློབ་ཆུང་བཞི་པར་བཅར་འདྲིར་བསྐྱོད་པ་ཡིན།  སློབ་གྲྭ་དེ་ནི་རྫོང་མཁར་བྱང་ངོས་མཐོ་གྲོང་གྲོང་རྡལ་དུ་གནས་ཤིང་། རྫོང་མཁར་དང་བར་ཐག་སྤྱི་ལེ་ལྔ་ཙམ་ལས་མི་འདུག སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན།  ཆ་ཚང་སློབ་ཆུང་བཞི་པ་ནི་སྤྱི་ལོ2013ལོའི་ཟླ་བཞི་པར་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། སྤྱི་ལོ2016ལོའི་ཟླ་དགུ་བ་ནས་བཟུང་དངོས་སུ་སློབ་ཁྲིད་བྱེད་མགོ་བརྩམས་པ་རེད། སྤྱིའི་གཞི་ཁྱོན་ལ་དངོས་སྙོམས་གྲུ་བཞི་མ་སུམ་ཁྲི་བརྒྱད་སྟོང་བདུན་བརྒྱ་བཅུ་བདུན་ཡོད་པ་དང་། ཐོག་མར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་བཏང་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་། ཆ་ཚང་སློབ་ཆུང་བཞི་པས་ཚན་རིག་དང་མཐུན་པའི་བྱེད་ཐབས་སྣ་ཚོགས་སྤྱད་དེ་རོང་འབྲོག་ཁུལ་གྱི་སློབ་མ་སློབ་གྲྭར་ཞུགས་པའི་ཧུར་སེམས་ཤུགས་ཆེར་བཏང་བ་དང་། མང་ཚོགས་ཀྱིས་རང་ཉིད་ཀྱི་བུ་ཕྲུག་ལ་སློབ་གསོ་ཐོབ་པར་བྱེད་པའི་རེ་འདུན་ཡང་ཆེ་རུ་བཏང་འདུག རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་སློབ་གསོ་ཅུའུ་བཅས་གཙོ་བྱས་པའི་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་འོག་སློབ་གསོའི་རྨང་གཞི་སྒྲིག་ཆས་ཇེ་ལེགས་སུ་གཏོང་བ་དང་དགེ་རྒན་གྱི་དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཐབས་ལམ་སྤྱད་དེ་རོང་འབྲོག་ཁུལ་གྱི་བྱིས་པ་མང་བས་ཕུལ་བྱུང་དང་འདྲ་མཉམ་གྱི་སློབ་གསོ་མྱོང་ཐུབ་པའི་ཆ་རྐྱེན་བསྐྲུན་པ་རེད།  སློབ་གྲྭ་དེར་དཔེ་མཛོད་ཁང་དང་རོལ་དབྱངས་ཁང་། རོལ་དབྱངས་སྒྲིག་ཆས་ཁང་། མཛེས་རྩལ་ཁང་། མཛེས་རྩལ་སྒྲིག་ཆས་ཁང་། ལུས་རྩལ་སྒྲིག་ཆས་ཁང་། ཚན་རིག་བརྟག་དཔྱད་ཁང་། རྩིས་འཕྲུལ་དྲ་བའི་སློབ་ཁང་། སྒྱུ་རྩལ་ལུས་སྦྱོང་ཁང་། ན་ཆུང་གདོང་ལེན་ཁང་། གྲངས་རིག་སྒྲིག་ཆས་ཁང་། འཕྲོད་བསྟེན་ཞབས་ཞུ་ཁང་། གཞིས་སྲུང་བྱིས་པའི་ཁྱིམ་བཅས་ཡོད་ལ། ནང་གི་སྒྲིག་ཆས་ཐམས་ཅད་ཆ་ཚང་ཡིན་པར་མ་ཟད། ཡོད་ཚད་རྒྱུན་ལྡན་དུ་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།

སློབ་གྲྭ་དེས་ད་དུང་བོད་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་དམངས་ཁྲོད་ཞབས་བྲོའི་སློབ་ཚན་ཞེས་པ་དང་། ཞག་སྡོད་སློབ་མའི་གཟའ་མཇུག་གི་ཕ་མ་ཞེས་པ། རྒྱལ་དར་འོག་གི་གཏམ་བཤད་འགྲན་བསྡུར་བཅས་གཞན་དང་མི་འདྲ་བའི་ཁྱད་ལྡན་སློབ་ཁྲིད་བྱེད་སྒོ་རབ་དང་རིམ་པ་བཀོད་སྒྲིག་བྱས་འདུག

སློབ་མ་ཚོས་བྲིས་པའི་སྣུམ་མཚོན་རི་མོ་དང་ཐང་ཀ་སྣ་ཚོགས། 

སློབ་གྲྭ་དེ་གའི་དགེ་རྒན་ཚོས་སློབ་ཁྲིད་ཀྱི་ཞོར་དུ་རང་གི་འཇོན་ནུས་ལྟར་ལ་ལས་ཡིག་གཟུགས། ལ་ལས་རི་མོ། ལ་ལས་ཐང་ཀ  ལ་ལས་རྩོམ་རིག་སོགས་རང་གང་ལ་དགའ་ནའམ་གང་ལ་ཐོས་བསམ་ཡོད་ཚེ་དེ་དག་བུམ་པ་གང་བྱོའི་ཚུལ་བཞིན་སློབ་མའི་ནུས་རྩལ་འདོན་སྤེལ་གང་ལེགས་བྱ་ཐུབ་པའི་ཁྲིད་ཐབས་སྣ་ཚོགས་རྒྱུན་འཁྱོངས་བྱས་ནས་སློབ་མའི་རྒྱུད་ལ་གོམས་གཤིས་བཟང་པོ་གསོ་སྐྱོང་དང་། སློབ་ཁྲིད་སྔོན་གྱི་སྟ་གོན་ལེགས་པར་འགྲུབ་པ། དགེ་རྒན་རང་ངོས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་ས་གནས་སློབ་གསོ་གོང་འཕེལ་དུ་གཏོང་བར་རང་ནུས་ཅི་ལྕོགས་ཀྱིས་འབད་པས་དང་དུ་ལེན་བཞིན་ཡོད། 

སློབ་གྲྭ་དེའི་དགེ་རྒན་ནོར་བུ་རྒྱལ་མཚན་ནི་དྲུང་ཡིག་སྨོན་ལམ་བྲིས་རྒྱུན་སྐྱོང་མཁན་ཞིག་ཡིན་པས། ཁོས་རང་གི་སློབ་བུ་རྣམས་ལ་མ་སྐུལ་དང་བླངས་ཀྱིས་ཡིག་གཟུགས་སློབ་ཁྲིད་བྱེད་བཞིན་ཡོད།   

དགེ་རྒན་ཆོས་དབྱིངས་རྒྱ་མཚོ་ནི་རྩོམ་འབྲི་རྒྱུར་དགའ་བའི་དགེ་རྒན་ཞིག་ཡིན། ཁོས་ས་གནས་དུས་དེབ་དང་ཚགས་པར་ཐོག་སྙན་ངག་དང་ལྷུག་རྩོམ་སྣ་ཚོགས་སྤེལ་ཡོད་པས། ལི་ཐང་ས་ཆར་མཚོན་ན་གྲགས་སྐད་ཅུང་ཆེ་བའི་བོད་ཡིག་དགེ་རྒན་ཞིག་རེད། ཁོས་དུས་རྒྱུན་སློབ་ཁྲིད་ཀྱི་ཞོར་དུ་སློབ་མར་རྩོམ་ཡིག་འབྲི་ཐབས་ཟུར་ཁྲིད་བྱེད་མུས་སུ་མཆིས། 

སློབ་གྲོགས་ཆུང་ཆུང་འཕྲིན་ལས་ཆོས་གྲགས་ནི་ལོ་རིམ་བཞི་པའི་སློབ་མ་ཡིན། གསར་འགོད་པས་ཁོ་ལ་དགེ་རྒན་ཚོས་སློབ་ཁྲིད་བྱེད་པ་ལས་ཁྱེད་ཚོ་ལ་ཕན་ཅི་ཞིག་ཐོགས་སོང་ཞེས་དྲིས་པ་ན། ཁོ་ཚོས་དགེ་རྒན་ཚོས་ས་ཐག་རིང་གི་སློབ་མ་དུས་ལྟར་རང་ཁྱིམ་དུ་ལོག་མ་ཐུབ་ཚེ། ང་ཚོའི་ལྭ་བ་དང་མགོ་བཀྲུས་མྱོང་ལ། སློབ་སྦྱོང་གི་ཕྱོགས་ནས་ཡིག་གཟུགས་དང་རི་མོ། གནའ་གཏམ་བཤད་པ་སོགས་སློབ་ཁྲིད་སྐབས་སློབ་མི་ཐུབ་པའི་ཤེས་བྱ་གང་མང་ཟུར་ཁྲིད་བྱས་པ་རེད་ཟེར། 

སློབ་དོན་སློབ་གཙོ་གཞོན་པ་འཇམས་དབྱངས་ལྷ་མོ་ན་རེ། ས་གནས་སློབ་གསོ་གོང་དུ་འཕེལ་དགོས་ནའམ་སློབ་མ་བཟང་བོ་ཞིག་སྐྱེད་སྲིང་བྱེད་རྒྱུ་ནི་དགེ་རྒན་དང་ཁྱིམ་བདག་གཉིས་ཀྱིས་ཕན་ཚུན་ཟུང་འབྲེལ་གྱིས་འབད་བརྩོན་བྱེད་དགོས། སློབ་མ་བཟང་བོ་ཞེས་པ་ནི་རྒྱུགས་འབྲས་མཐོ་དམན་ཁོ་ནའི་བརྡར་ཤ་གཅོད་རྒྱུ་ཞིག་མ་ཡིན་པར། གཙོ་བོ་མི་གཤིས་བཟང་བོ་ཞིག་གམ་ཡ་རབས་སྤྱོད་བཟང་གི་མི་ཞིག་ཇི་ལྟར་སྐྱེད་སྲིང་བྱེད་རྒྱུའི་ཕྱོགས་ལ་སྤྱི་ཚོགས་ཡོངས་ནས་དོ་ཁུར་བྱེད་དགོས། སློབ་གྲྭའི་མགོ་ཁྲིད་ཅིག་ཡིན་པའི་ཆ་ནས་ངས་དུས་རྒྱུན་དགེ་རྒན་ཚོ་དང་བསམ་བློ་བརྗེ་རེས་བྱས་ཏེ་ཁོ་ཚོའི་འཚོ་བ་དང་བྱ་བའི་ཐད་དཀའ་ཁག་ཅི་ཞིག་ཡོད་ན། རང་གི་ནུས་ཚོད་ཀྱིས་རྒྱབ་སྐྱོར་བྱས་པ་ཡིན། ང་ཚོ་སློབ་གསོ་ལས་དོན་སྒྲུབ་མཁན་གྱི་མི་ཞིག་ལ་མཚོན་ན། མཐར་ཐུག་གི་དམིགས་ཡུལ་ནི་མི་རབས་རྗེས་མར་སློབ་གསོ་བཟང་བོ་གཏང་རྒྱུ་དང་མི་ཡ་རབས་ཤིག་སྐྱོང་དེ་ཡིན།  མོས་ཁོ་ཚོའི་སློབ་གྲྭ་ན་སློབ་གསོའི་ལས་དོན་ལ་འབད་པ་ཧུར་ཐག་བྱེད་འདོད་ཀྱི་དགེ་རྒན་སྐོར་ཞིག་ཡོད་པས། ས་གནས་སློབ་གསོ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཐུབ་པར་ང་ལ་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་ཟེར། 

གསར་འགོད་པ་དང་རྩོམ་སྒྲིག་པ། དབྱངས་ཅན། སྟོབས་ལྡན་བཀྲ་ཤིས།
 རྩོམ་སྒྲིག་འགན་འཁུར་བ། དབྱངས་ཅན།
ལྟ་སྐུལ་བ། དབྱངས་ཅན། 
 སྤྱིའི་ལྟ་སྐུལ་བ། རྣ་བྷ།