ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ།མཛེས་པའི་བོད་ཡུལ་འགྲིམ་པའི་ཁག་བརྒྱད་པ།
2019.07.01 ཁུངས། ཀློག་གྲངས། 362

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ།མཛེས་པའི་བོད་ཡུལ་འགྲིམ་པ་ཞེས་པའི་བཅར་འདྲི་ཚོགས་པ་ཟླ་དྲུག་པའི་ཚེས་ཉེར་དགུའི་ཉིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་ལྷ་ཕྱུག་སྡེ་བར་བསྐྱོད་པ་ཡིན། ང་ཚོ་བཅར་འདྲི་ཚོགས་པ་གནས་དེར་འབྱོར་ནས་རྒྱུས་ལོན་བྱུང་བ་ལྟར་ན་འབར་ཁམས་རྫོང་གི་ལྷ་ཕྱུག་སྡེ་བའི་ཧྲུའུ་ཅི་དང་པོ་ཐན་ལུང་གིས་སྡེ་བ་དེའི་སྣེ་ཁྲིད་དེ་དབུལ་བོ་ལས་ཐར་བའི་གནས་ཚུལ་ཞིག་གོ་ཐོས་བྱུང་བས་ང་ཚོ་ཆེད་དུ་ཧྲུའུ་ཅི་ཐན་ལུང་ལ་བཅར་བྱེད་དུ་སོང་བ་ཡིན།

ལྷ་ཕྱུག་སྡེ་བ་ནི་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ཉི་ཤུའི་མཚམས་སུ་གནས་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨིད་ཉིས་སྟོང་དྲུག་བརྒྱ་བདུན་ཅུ་ཡོད་ཅིང་།   དུད་ཁྱིམ་གོ་གཉིས་དང་མི་གྲངས་སུམ་བརྒྱ་བཅོ་བརྒྱད་ཡོད་པ་རེད།

སྤྱི་ལོ་2016ལོར་ཐན་ལུང་གིས་འབར་ཁམས་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་རྩ་འཛུགས་ཀྱིས་བཀོད་སྒྲིག་འོག་ལྷ་ཕྱུག་སྡེ་བར་བཅའ་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར་བ་ནས་བཟུང་།གཞི་རིམ་གྱི་ལས་ཀའི་ཉམས་མྱོང་བསགས་པ་མ་ཟད། མི་སྒེར་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཕྱིན་པ་དང་དུས་མཚུངས་སུ་གཞི་རིམ་མང་ཚོགས་ཁྲོད་གནས་པའི་གནད་དོན་ཤེས་པ་དང་རྒྱ་ཆེའི་མང་ཚོགས་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་བཏང་། ཁོས་རང་ཉིད་ཀྱང་དེ་སྔ་ཁྱིམ་ཚང་དབུལ་པོ་ཡིན་པ་དང་། ཁོ་རང་ལོ་ན་ཕྲ་བའི་དུས་སུ་ཕ་ཚེ་ལས་འདས་ཤིང་།  ཨ་མ་ནི་རྒྱལ་ཁབ་ཀྱི་དམིགས་བསལ་དབང་པོ་སྐྱོན་ཅན་ཡིན་པ། རང་ཉིད་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་མི་སེམས་བཟང་དག་གི་རོགས་རམ་ཐོབ་མྱོང་། ངས་རྩ་འཛུགས་ཀྱིས་བཀོད་སྒྲིག་དང་ལེན་བྱས་ཏེ་རང་ལ་ཆུང་དུས་རོགས་སྐྱོར་ཐོབ་པ་དེར་དྲིན་ལན་འཇལ་རྒྱུའི་གོ་སྐབས་སུ་རྩིས་ནས། གནད་འཕིགས་དབུལ་སྐྱོར་ལས་དོན་ཐད་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་འབུལ་རྒྱུ་ཡིན། དུས་མཚུངས་སུ་ངས་རྩ་འཛུགས་ཀྱི་ཡིད་ཆེས་དང་གསོ་སྐྱོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་ཉིད་ཏང་ཡོན་དང་སྡེ་བའི་ཧྲུའུ་ཅི་དང་པོ་ཡིན་པའི་ཆ་ནས་སྡེ་བའི་དབུལ་ཕོངས་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་ཕོངས་ལས་ཐར་བར་བྱེད་པའི་འོས་འགན་ཡོད་ཟེར།

        ལྷ་ཕྱུག་སྡེ་བའི་ཧྲུའུ་ཅི་དང་པོ་ཐན་ལུང་གིས་སྣེ་ཁྲིད་འོག་སྡེ་མིས་ཐོན་ལས་སྣ་ཚོགས་གཉེར་བ།

ལྷ་ཕྱུག་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡང་བེ་ཁྲོང་ན་རེ། ཁོས2017ལོར་སྡེ་བའི་ཀྲུའུ་རིན་གྱི་འགན་འཁུར་བ་ཡིན། ཐན་ལུང་ཧྲུའུ་ཅི2016ལོར་ང་ཚོའི་སྡེ་བར་ཡོང་བ་རེད། ཁོས་ང་ཚོ་སྡེ་བའི་གནས་ཚུལ་ལ་དམིགས་ནས་དངོས་གནས་དྲང་གནས་ཀྱི་བྱ་བ་མང་བོ་བསྒྲུབས་སོང་། ང་ཚོ་སྡེ་མི་ཚོས་ཁོ་ལ་ལྷག་སེམས་ཟོལ་མེད་ཀྱིས་བཀའ་དྲིན་ཞུ་བཞིན་ཡོད་ཟེར། 

ལོ་འདི་དག་གི་རིང་ལ་ཞིང་ཆེན་དང་ཁུལ།གྲོང་ཁྱེར་བཅས་ཀྱི་དབུལ་སྐྱོར་སྟོབས་ཤུགས་དང་མཉམ་དུ་ལྷ་ཕྱུག་སྡེ་བར་རྣམ་གྲངས་མ་དངུལ་སྒོར་བྱེ་བ་གཅིག་ལྷག་བརྩོན་ལེན་བྱས་ཏེ། སྡེ་བ་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ནུས་ཤུགས་ཆེར་བཏོན་པས།སྡེ་བ་ཡོངས་ཀྱི་རྨང་གཞི་སྒྲིག་ཆས་དང་སྡེ་བའི་རྣམ་པ་ཆེས་ཆེར་ཇེ་ལེགས་སུ་ཕྱིན་ཡོད། དུས་མཉམ་དུ། ཐན་ལུང་གིས་གོང་རིམ་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་གཞུང་ལམ་ཡག་པོ་མེད་པ་དང་།  རང་བྱུང་ཁོར་ཡུག་ལེགས་ཀྱང་གཙང་སྦྲ་ཡག་པོ་མེད་པ།  ཐོན་ཁུངས་ཕུན་སུམ་ཚོགས་ཀྱང་ཐོན་ལས་མེད་པ་བཅས་ལ་དམིགས་ནས།  གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་ཁོར་ཡུག་ལེགས་བཅོས་བྱས་ཡོད་ལ།  སྦྲང་རྩི་ཐོན་སྐྱེད་དང་།  བྱ་གསོ་ཐོན་ལས།  སྔོ་ཚལ་འདེབས་འཛུགས་སོགས་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་བས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཕན་ནུས་ངེས་ཅན་ཐོབ་ཡོད།

ཁོས་ང་ཚོ་བཅར་འདྲི་ཚོགས་པ་ཁྲིད་ནས་ལྷ་ཕྱུག་གྲོང་རྡལ་གྱི་ཚན་རྩལ་དཔེ་སྟོན་དུད་ཚང་མུ་ཧོང་ལེང་གི་ཁྱིམ་ཚང་ལ་ལྟ་རུ་སོང་བ་ཡིན།མུ་ཧོང་ལེང་ནི་དེ་སྔ་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན།   ཁོ་ཚང་ན་ཁོ་གཅིག་པུ་མ་གཏོགས་ངལ་རྩོལ་པ་མེད་པར་མ་ཟད།  ཁོའི་ཨ་མ་ནད་པ་ཡིན་པའི་དབང་གིས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པ་རེད། ལྷ་ཕྱུག་སྡེ་བའི་ཧྲུའུ་ཅི་དང་པོ་ཐན་ལུང་གིས་གནས་ཚུལ་དེ་ཤེས་རྗེས་མུ་ཧོང་ལེང་ལ་བྱ་དང་སྦྲང་མ་གསོ་བའི་ཐོན་ལས་གཉེར་དུ་བཅུག  ད་ལྟ་མུ་ཧོང་ལེང་གིས་སྦྲང་སྒམ་སུམ་ཅུ་ལྷག་དང་།བྱ་ལྔ་བཅུ་ལྷག་གསོ་སྤེལ་བྱས་འདུག

མུ་ཧོང་ལེང་ལ་བཅར་འདྲི་བྱེད་སྐབས་ཁོས་བཤད་རྒྱུར། ཧྲུའུ་ཅི་དང་པོ་ཐན་ལུང་གིས་ང་ཚོ་སྡེ་བའི་མི་རྣམས་ལ་ཐོན་ལས་གཉེར་བའི་མ་དངུལ་བརྩོན་ལེན་བྱས་པར་མ་ཟད་ཐོན་རྫས་འགྲེམ་ཚོང་བྱེད་རོགས་བྱས་པས། 2016ལོར་ང་ལ་ཡོང་འབབ་སྒོར་ལྔ་སྟོང་ལྷག་ལས་མེད་པ་དང་།སྤྱི་ལོ་2018ལོར་ངའི་ཡོང་སྒོ་སྒོར་དགུ་སྟོང་ལྷག་ཙམ་ལ་སླེབས་ཡོད། སྔོན་དཔག་བྱས་ན2019ལོ་ནས་བཟུང་ལོ་རེའི་ཡོང་འབབ་སྒོར་ཆིག་ཁྲི་དགུ་སྟོང་ལ་སླེབས་ཐུབ་པས། རང་ཉིད་ཀྱི་འཚོ་བའི་ཆ་རྐྱེན་ཉིན་བཞིན་ཇེ་ལེགས་སུ་སོང་ཡོད་པ་དང་། འཚོ་བ་སྔོན་ཆད་ལས་ཧ་ཅང་སྐྱིད་པོ་ཡིན་ལ།  ངའི་འདུག་ཁང་ཀྱང་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་ལེགས་སུ་ཕྱིན་འདུག་ཟེར།

མུ་ཧོང་ལེང་ཚང་གི་སྔོན་ཆད་ཀྱི་ཁང་བ། 

མུ་ཧོང་ལེང་ཚང་གི་ད་ལྟའི་ཁང་བ། 

གྲོང་ཚོའི་ཧྲུའུ་ཅི་དང་པོ་ཐན་ལུང་གིས་སྣེ་ཁྲིད་འོག   2017ལོར་ལྷ་ཕྱུག་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གཅིག་དང་སྡེ་བའི་དབུལ་ཕོངས་མི་སྣ་བཞི་དབུལ་བོ་ལས་ཐར་ཡོད། 2018ལོར་ཁྱིམ་ཚང་གཅིག་དང་སྡེ་བའི་དབུལ་ཕོངས་མི་གྲངས་གཉིས་དབུལ་བོ་ལས་ཐར་པར་བྱས་ཡོད། 2020ལོར་སླེབས་སྐབས་དུས་ཁྱོན་ཡོངས་ནས་འབྱོར་འབྲིང་དུ་སླེབས་ཐུབ་ངེས་རེད།

སྡེ་བའི་ཧྲུའུ་ཅི་དང་པོ་ཐན་ལུང་ཁྱིམ་ཚང་རེ་རེར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

གསར་འགོད་པ། དབྱངས་ཅན། སྟོབས་ལྡན་བཀྲ་ཤིས།

རྩོམ་སྒྲིག་འགན་འཁུར་བ། དབྱངས་ཅན།

ལྟ་སྐུལ་བ། དབྱངས་ཅན། 
སྤྱིའི་ལྟ་སྐུལ་བ། རྣ་བྷ།