མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཕོ་ཉས་སི་རི་ཡའི་སྲིད་གཞུང་བར་དུ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གནད་དོན་ཐད་ནས་གྲོས་མཐུན་འབྱུང་ལ་ཉེ་ཞེས་བཤད།
2019.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

སི་རི་ཡར་འཚམས་འདྲིར་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡའི་གནད་དོན་གྱི་ཆེད་མངགས་ཕོ་ཉ་པིས་ཏི་སིན་གྱིས་ཚེས་བཅུ་ཉིན་བཤད་རྒྱུར། ཁོ་དང་སི་རི་ཡའི་སྲིད་གཞུང་བར་དུ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་སོགས་ཀྱི་གནད་དོན་ཐད་ནས་གྲོས་སྡུར་བྱས་པར་དོན་དངོས་ཀྱི་གྲུབ་འབྲས་ཐོབ་ནས་གྲོས་མཐུན་འབྱུང་ལ་ཉེ་ཟེར།

པིས་ཏི་སིན་གྱིས་ཉིན་དེར་སི་རི་ཡའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་དཔོན་པོའི་འགན་ཁུར་མཁན་མུའུ་ཨ་ལེ་མུའུ་ལ་གྲོས་མོལ་བྱས་རྗེས་སྨྱན་ལམ་ཁག་ལ་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རྣམ་འགྱུར་ཧ་ཅང་བཟང་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་པ་ཡིན་ལ། གྲོས་མོལ་ལ་དོན་དངོས་ཀྱི་གྲུབ་འབྲས་ཐོབ་ཡོད། རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པ་དང་། སྔར་ལས་རྒྱ་ཆེ་བའི་ཆབ་སྲིད་འཕེལ་རིམ་འབྱེད་པའི་ཕྱོགས་ནས་ང་ཚོ་ལྟ་ཚུལ་ཧ་ཅང་ཉེ་ཟེར།

པིས་ཏི་སིན་གྱིས་བསྟན་དོན། གྲོས་མོལ་ཕྱོགས་གཉི་གས་དབྱི་ཏི་ལེ་པུའུ་ས་ཁུལ་གྱི་གཏན་འཇགས་སླར་གསོ་བྱེད་ཐུབ་རྒྱུའི་རེ་བ་བཅངས་ཡོད་པར་མ་ཟད། ཨུ་རུ་སི་དང་ཐུར་ཁེའི་བར་དུ་གྲོས་མཐུན་བཀོད་པའི་དབྱི་ཏི་ལེ་པུའུ་དམག་དོན་མ་ཡིན་པའི་ས་ཁུལ་སྐོར་གྱི་གྲོས་ཆོད་དོན་འཁྱོལ་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

གཞན་ཡང་སི་རི་ཡའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། པིས་ཏི་སིན་དང་མུའུ་ཨ་ལེ་མུའུ་གཉིས་ཀྱིས་གྲོས་མོལ་ཁྲོད་དུ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པ་དང་དེའི་བྱ་བའི་རྐྱེན་སྲོལ། ཐབས་ལམ་སོགས་ཀྱི་སྐོར་ནས་གྲོས་སྡུར་བྱས་ལ། ཕྱོགས་གཉི་གས་རྩ་ཁྲིམས་ལས་དོན་ནི་སི་རི་ཡའི་བདག་དབང་ལས་དོན་ཡིན་པས། སི་རི་ཡའི་མི་དམངས་ཁོ་ནར་ད་གཟོད་སི་རི་ཡའི་རྩ་ཁྲིམས་དང་འབྲེལ་བའི་ལས་དོན་ལ་གཙོ་ཁྲིད་བྱེད་པའི་དབང་ཆ་ཡོད་པ་དང་། ཕྱི་ཕྱོགས་ལ་དེར་ཐེ་གཏོགས་བྱེད་དབང་མེད་པར་འདོད་ཟེར།

པིས་ཏི་སིན་ཚེས་དགུ་ཉིན་ཏ་མ་སི་ཁོ་ལ་ཐོན་ནས། སི་རི་ཡར་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱས། པིས་ཏི་སིན་ས་དེར་ཐོན་མ་ཐག་བསྟན་དོན། ཐེངས་འདིར་ཁོས་སི་རི་ཡའི་སྲིད་གཞུང་བར་དུ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་དང་། དབྱི་ཏི་ལེ་པུའུ་ཡི་གནས་བབ་སོགས་གནད་དོན་སྐོར་ནས་གྲོས་སྡུར་བྱེད་རྒྱུ་མ་ཟད། ད་དུང་བཀག་ཉར་དང་བཙན་ཁྲིད་བྱས་པ་དང་། གར་སོང་མི་ཤེས་པའི་མི་སྣའི་གནད་དོན་སྐོར་ནས་ཀྱང་གྲོས་སྡུར་བྱེད་རྒྱུ་ཡིན་ཟེར།

ཉིས་སྟོང་བརྒྱད་ལོའི་ཟླ་དང་བོར་ཨུ་རུ་སིའི་སཱོ་ཆི་ནས་བསྡུས་པའི་སི་རི་ཡའི་རྒྱལ་ཡོངས་གྲོས་མོལ་ཚོགས་ཆེན་སྟེང་སི་རི་ཡའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཐག་བཅད་པ་དང་། དེ་ནི་སི་རི་ཡའི་ཆབ་སྲིད་འཕེལ་རིམ་ཁྲོད་ཀྱི་གོམ་སྟབས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཨ་མེ་རི་ཁ་དང་དབྱིན་ཇི། སི་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་པོས་ལོ་དེའི་ཟླ་དགུ་བར་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡའི་གནད་དོན་གྱི་ཆེད་མངགས་ཕོ་ཉའི་གཞུང་སྒྲུབ་ཁང་གིས་མྱུར་དུ་ཡིད་རྟོན་རུང་བ་དང་ཆ་ཚང་བའི་སི་རི་ཡའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས། སི་རི་ཡར་རྩ་ཁྲིམས་གསར་བའི་མ་ཡིག་འབྲི་བ་དང་། སི་རི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་སྐུལ་འོག་ཏུ་རང་དབང་དང་དྲང་གཞག་གི་འདེམ་བསྐོ་བསྡུ་བར་རྨང་གཞི་བརྟན་པོ་འདིང་རྒྱུའི་རེ་བ་བཏོན།