དར་ལག་རྫོང་གིས་བདེ་ཐང་དབུལ་སྐྱོར་ཁྱོན་ཡོངས་འགག་སྒྲོལ་གྱི་བརྟག་དཔྱད་ལས་དོན་སྤེལ།
2019.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 78

ཁྱོན་ཡོངས་ནས་ཐུམ་འབུའི་ནད་གཙོ་བྱས་པའི་ས་ཁུལ་གྱི་ནད་རིགས་གལ་ཆེན་དང་།  འགོས་ནད་སོགས་ཕྱོགས་བསྡུས་འགོག་བཅོས་བྱ་བ་ལེགས་པོར་སྒྲུབ་རྒྱུ་དང་།  ཚད་མཐོན་པོའི་སྒོ་ནས་འབྲོག་པ་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་ཆེད།  ཟླ་དྲུག་པའི་ཟླ་སྨད་དུ།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་ཉིས་སྟོང་བཅུ་དགུ་ལོའི་བདེ་ཐང་དབུལ་སྐྱོར་གྱི་ཁྱོན་ཡོངས་འགག་སྒྲོལ་བདེ་ཐང་བརྟག་དཔྱད་དང་མཐོ་སྒང་གི་སྙིང་གི་ཁྲག་རྩའི་ནད་བརྟག་དཔྱད་ཞིབ་འཇུག་བྱེད་པའི་བྱ་བ་དངོས་སུ་སྤེལ་མགོ་བརྩམས།  རྫོང་ཡོངས་ཀྱི་ཁྱིམ་ཚང་ཉིས་སྟོང་དྲུག་བརྒྱ་རེ་དྲུག་གི་ཡིག་ཚགས་དབུལ་ཕོངས་འབྲོག་དམངས་དགུ་སྟོང་བརྒྱད་བརྒྱ་སུམ་ཅུར་རིན་མེད་བདེ་ཐང་བརྟག་དཔྱད་བྱས།

རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  བརྟག་དཔྱད་ལས་དོན་མ་སྤེལ་གོང་དུ།  དར་ལག་རྫོང་གིས་རིམ་པ་རེ་རེ་བཞིན་བདེ་ཐང་དབུལ་སྐྱོར་གྱི་ཁྱོན་ཡོངས་འགག་སྒྲོལ་བྱེད་པའི་ནད་རིགས་དཔྱད་ཞིབ་ལས་དོན་གྱི་དམིགས་འབེན་འགན་ཁུར་ཡི་གེ་བཀོད།  རྩ་འཛུགས་ཡོད་པའི་སྒོ་ནས་བདེ་ཐང་དབུལ་སྐྱོར་ལས་དོན་གྱི་གྲོས་ཚོགས་བསྡུས།  རྫོང་ཡོངས་ནས་མཐུན་སྒྲིལ་མཉམ་ལས་ཀྱི་རྣམ་པ་ལེགས་པོ་བསྐྲུན།

ཐེངས་འདིའི་བརྟག་དཔྱད་ལས་དོན་ལས་རྫོང་དང་ཞང་སྡེའི་རིམ་པ་སོ་སོའི་སྟོབས་ཤུགས་སྡེབ་སྒྲིག་བྱས་ནས། ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་ཆད་ལྷག་མེད་པའི་རྩ་དོན་ལྟར།  ཁུལ་ཁག་བགོ་བ་དང་།  དྲ་མིག་ལ་འགན་ཁུར་བ།  དམིགས་བསལ་མི་ཚོགས་རླངས་འཁོར་གྱིས་སྐྱེལ་བསུ་བྱེད་པ་སོགས་བྱེད་ཐབས་ལག་བསྟར་བྱས།  འབྲོག་པ་མང་ཚོགས་ལ་སྣེ་ཁྲིད་ནས་བརྟག་དཔྱད་ནང་དོན་ཡོངས་བསྒྲགས་བྱས་པ་མ་ཟད།  འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་གང་ལེགས་བྱས་ནས།  དབུལ་ཕོངས་མི་གྲངས་ཡོངས་དབུལ་ཐར་འགག་སྒྲོལ་ལམ་དུ་ཞུགས་ཐུབ་པར་ཁག་ཐེག་བྱས།