ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དེ་གནའ་མཁར་ཟི་ལིང་དུ་སྤེལ།
2019.07.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 256


    ཚོགས་འདུའི་སྟེང་གི་ཁུལ་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱི་འདྲ་པར། 


རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཚེ་བརྟན་གྱིས་རེབ་གོང་རིག་གནས་ཡུལ་སྐོར་གནས་ཚུལ་ངོ་སྤྲོད་བྱེད་ཀྱིན་པ། 


ཚོགས་འདུའི་ཟུར་ཞིག  


གསར་འགོད་པ་དག་གི་ཡུལ་དངོས་བརྙན་ལེན་གོ་རིམ། 


གསར་འགོད་པས་དྲི་བ་འདོན་པ། 


གསར་འགོད་པས་དྲི་བ་འདོན་པ། 

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་གྱིས་བཀོད་པའི་གསར་འགྱུར། 
   སྤྱི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་གནའ་མཁར་ཟི་ལིང་དུ་སྤེལ། ཚོགས་ཐོག་ཏུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་སྣ་ཚོགས་སྔར་ལས་དྲིལ་སྒྲོག་བྱས་ནས། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་པོས་ཐེངས་འདིའི་རིག་གནས་ཡུལ་སྐོར་ལ་དོ་སྣང་བྱེད་པ་དང་། རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་མིང་གྲགས་ཇེ་རྒྱས་སུ་གཏོང་ཆེད། མཛེས་པའི་མཚོ་སྔོན།ངོ་མཚར་བའི་རྨ་ལྷོ་ཞེས་པ་བརྗོད་དོན་ཡིན་པའི་རྨ་ལྷོའི་ཁྱད་དུ་མཚར་བའི་ས་གནས་རིག་གནས་སྲོག་ཤིང་བྱས་པའི་ཡུལ་སྐོར་གྱི་དུས་ཆེན་ངོ་སྤྲོད་བྱས་ལ། ཞིང་ཆེན་ནང་ཁུལ་གྱི་གསར་འགོད་པ་ཞེ་གཅིག་ལྷག་བྱ་འགུལ་ལ་ཞུགས་ནས་གནས་ཚུལ་དྲིལ་སྒྲོག་བྱས།

ཚོགས་འདུའི་སྟེང་དུ། ཐོག་མར་རྨ་ལྷོ་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དག་གིས་རྨ་ལྷོའི་ས་གནས་རིག་གནས་སྤྱི་དང་ལྷག་པར་རིག་གནས་དུས་སྟོན་གྱི་བྱ་འགུལ་ཅི་ཡོད་ཞིབ་ཏུ་ངོ་སྤྲོད་བྱས། ཁོ་ཚོས་བསྟན་དོན། ང་ཚོས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱིའི་བཀོད་སྒྲིག་དང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེར་སྟོན་ཁུལ་འཛུགས་པའི་རྩ་བའི་རེ་བ་ལྟར། ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ནས་འགོ་བརྩམས་ཏེ། ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བའི་ཚེས་བཅོ་བརྒྱད་བར་དུ།རེབ་གོང་ཐང་ག་སྒྱུ་རྩལ་གྱི་བརྩམས་ཆོས་འགྲེམ་སྟོན་དང་། ཉིས་སྟོང་བཅུ་དགུ་ལོའི་རེབ་གོང་ཟས་མཆོག་རིག་གནས་དུས་སྟོན། སྐབས་གཉིས་པའི་ཨ་མདོའི་དམངས་གླུ་འགྲན་ཚོགས་ཆེན་མོའི་བྱ་འགུལ། རྩེ་ཁོག་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན། རྨ་སོག་རྩྭ་ཐང་གི་ནཱ་ཏ་མུའུ་སྤྲོ་ཚོགས་སོགས་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་བྱ་འགུལ་སྣ་བཅུ་དྲུག་ལྷག་སྤེལ་རྒྱུ་ཡིན་ཟེར།

ཚོགས་འདུའི་ཡུལ་དངོས་སུ་གསར་འགོད་པ་དག་གིས་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་དང་འབྲེལ་བའི་དྲི་བ་སྣ་ཚོགས་བཏོན་ཞིང་། ས་གནས་འགོ་ཁྲིད་རྣམས་ཀྱིས་དེ་དག་རེ་རེར་ལན་བཏབ། གསར་འགོད་པ་དག་གིས་ལང་ལོང་གིས་བསྟན་དོན། རྨ་ལྷོ་ཁུལ་ལ་མཚོན་ན། དྲུག་པའི་ཀླུ་རོལ་དང་རྒྱལ་སྤྱིའི་གཡང་མདའ་སོགས་ཀྱིས་མཚོན་པའི་རིག་གནས་དུས་སྟོན་གྲགས་ཆེན་མང་པོ་ཡོད་ལ། རིག་གནས་དེ་དག་ནི་མང་ཚོགས་ཀྱི་ཁྲོད་ནས་དུས་ཡུན་རིང་པོར་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཡོང་བ་ཡིན་པས། རྨ་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བར་མང་ཚོགས་ཀྱི་རྨང་གཞི་ཡང་ངེས་ཅན་ཡོད། གསར་འགོད་པ་ཞིག་གི་ངོས་ནས། རྨ་ལྷོའི་རིག་གནས་ཡུལ་སྐོར་གྱི་དུས་ཆེན་དང་། རྨ་ལྷོའི་ས་གནས་རིག་གནས་ཀྱི་ཁྱད་ཆོས་དྲིལ་སྒྲོག་བྱས་ཏེ།  མཛེས་པའི་མཚོ་སྔོན་གྱི་ངོ་མཚར་བའི་རྨ་ལྷོའི་མཛེས་པ་མ་ལུས་ཞིང་ཆེན་ཕྱི་ནང་ལ་དྲིལ་སྒྲོག་བྱེད་པའི་རིན་ཐང་ཆེན་པོ་འདུག་ཟེར།

ཐེངས་འདིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་བ་བརྒྱུད། རྨ་ལྷོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བའི་དུས་ཚོད་ཀྱི་གོ་རིམ་དང་། བྱ་འགུལ་གྱི་དམིགས་ཡུལ་བཅས་ཞིང་ཆེན་ཕྱི་ནང་ལ་དྲིལ་སྒྲོག་བྱེད་ཐུབ་པ་མ་ཟད། མཛེས་པའི་མཚོ་སྔོན། ངོ་མཚར་བའི་རྨ་ལྷོ་ཞེས་པ་བརྗོད་དོན་ཡིན་པའི་རྨ་ལྷོའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་ཀུན་གྱིས་དོ་སྣང་བྱེད་པར་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཐོན་ཡོད།