མཛེས་པའི་བོད་ཡུལ་འགྲིམ་པའི་ཁག་བཅོ་བརྒྱད་པ།༼གཅན་ཚ་རྫོང་གི་སྡོང་འཛུགས་ནགས་སྐྲུན་གྱིས་གཅན་ཚའི་ལྗང་མདོག་གི་རྨི་ལམ་མངོན་འགྱུར་བྱས།༽
2019.07.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 372


གསར་འགོད་པས་རྫོང་ཁོར་སྲུང་ཅུའུ་ཡི་འགོ་བ་རིན་ཏ་ཡོན་ལ་བཅར་འདྲི་བྱེད་ཀྱིན་པ། 



གསར་འགོད་པས་ནགས་སྲུང་བ་རྒྱ་མཚོ་ལ་བཅར་འདྲི་བྱེད་ཀྱིན་པ། 



ལྷོ་རིའི་ནགས་རའི་ལྗང་མདོག་གི་རྣམ་པ། 


ཉེ་བའི་ལོ་འདི་དག་གི་རིང་ལ། གཅན་ཚ་རྫོང་གིས་སྡོང་འཛུགས་ནགས་སྐྲུན་ལ་ཤུགས་བསྣན་ནས། གཅན་ཚའི་ཡུལ་ལྗོངས་ལ་སྔར་མེད་ཀྱི་བཀྲག་མདངས་རྒྱས་སུ་བཅུག་ཡོད་ལ།གོང་རིམ་གྱི་རོགས་འདེགས་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཏུ་སྡོང་འཛུགས་ནགས་སྐྲུན་ཕྱོགས་སུ་མ་དངུལ་འབོར་ཆེན་བཏང་ནས། གསེར་རི་དངུལ་རི་ལྟ་བུའི་རི་སྔོ་ཆུ་དྭངས་ཀྱི་ལྗོངས་རྣམ་གྱི་བཀོད་པས་ཡིད་འོང་གི་གཅན་ཚ་མིང་དོན་མཚུངས་པ་ཞིག་ཏུ་སྒྱུར་འདུག

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། གཅན་ཚ་རྫོང་ལ་རྒྱལ་དབང་ནགས་ལས་ལྔ་ཡོད། ལས་བཟོ་བ་ཉིས་བརྒྱ་ང་བཞི་ཡོད་པ་དང་། རྫོང་ཡོངས་ཀྱི་ནགས་རའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་ལྔ་སྟོང་བརྒྱད་ཉིས་བརྒྱ་བཞི་བཅུ་ཡོད། གཅན་ཚ་རྫོང་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་དུ་གནས་ཡོད་པས། སྐྱེ་ཁམས་བྱེད་ནུས་ཕྱོགས་ནས་འཐབ་ཇུས་གལ་ཆེན་གྱི་གོ་གནས་ཟིན་ཡོད། གནད་དེར་དམིགས་ནས་གཅན་ཚ་རྫོང་ཁོར་ཡུག་དང་ནགས་ཚལ་སྲུང་སྐྱོབ་ཅུའུ་ཡིས་ལོ་ངོ་མང་པོའི་རིང་ལ། སྡོང་འཛུགས་ནགས་སྐྲུན་གྱི་ཕྱོགས་ནས་ནུས་པ་གང་ཡོད་བཏོན། དེའི་ངོས་ནས་གསར་འགོད་པས་རྫོང་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཡི་འགོ་བ་རིན་ཏ་ཡོན་ལ་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར། ང་ཚོས་ལོ་ངོ་སུམ་ཅུ་ལྷག་གི་ཡར་སྔོན་ནས། གཅན་ཚའི་རྫོང་མཁར་གྱི་ཉེ་འགྲམ་ཀུན་ལ་སྡོང་བོ་མང་པ་བཙུགས་པ་ཡིན། དེ་རིང་གི་ལྷོ་རིའི་ནགས་ར་འདི་སྔོན་ཆད་གླེ་ཆེན་སྡེ་བའི་ས་རེད། སྐབས་དེར་སྡོང་བོ་མང་པོ་བཙུགས་རུང་སྐྱེ་སྟོབས་ཞན་པ་དང་། སྡེ་བའི་མང་ཚོགས་ཀྱིས་ཀྱང་སྡོང་འཛུགས་ནགས་སྐྲུན་ལ་དོ་སྣང་ཆེན་པོ་མི་བྱེད་པ་མ་ཟད། སྡེ་བའི་ས་ཐོག་ཏུ་སྡོང་བོ་འཛུགས་པར་རྒྱབ་སྐྱོར་ཡང་བྱེད་པ་མ་ཟད། རྗེས་སུ་རྫོང་ནགས་ལས་ཅུའུ་ཡིས་ས་གནས་མང་ཚོགས་ལ་སློབ་གསོ་གང་མང་བཏང་ཞིང་། རང་དཔེ་གཞན་སྟོན་གྱིས་སྡོང་བོ་མང་པོ་བཙུགས་ནས། ས་ནག་ཐང་བཅོས་སྐྱོང་དང་རྩྭའི་སྐྱེ་སྟོབས་ཞན་པའི་ས་ཁུལ་ལྗང་མདོག་ཅན་དུ་བསྒྱུར་བ་ལ་བརྟེན་ནས། མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཀྱང་རིམ་གྱིས་སད་ནས་སྡོང་འཛུགས་ནགས་སྐྲུན་གྱི་ཕྱོགས་སུ་རྒྱབ་སྐྱོར་ཡང་བྱེད་འགོ་བརྩམས་བྱུང་ལ། དུས་དེ་ནས་བཟུང་། སྲིད་གཞུང་གིས་ཀྱང་ལྷོ་རིའི་སྒང་ལ་ཆུ་འཐེན་པ་དང་སྡོང་ཕྲུག་འཛུགས་པ་སོགས་ཀྱི་སྟེང་དུ་མ་དངུལ་གཏོང་ཤུགས་ཆེར་བཏང་ནས། ལྷོ་རིའི་ཡུལ་ལྗོངས་འདི་ལྗང་མདོག་གི་རྣམ་པར་སྒྱུར་ཞིང་། སྔོན་གྱི་ལས་བྱེད་རྒན་པ་རྣམས་ཀྱིས་ཀྱང་ང་ཚོར་ཁྱོད་ཚོས་རང་གི་བརྩོན་པར་བརྟེན་ནས་གཅན་ཚའི་ལྗང་མདོག་གི་རྨི་ལམ་མངོན་འགྱུར་བྱས་འདུག་ཅེས་བསྟོད་པ་ཡང་གང་མང་བྱས་མྱོང་ཟེར།

གཅན་ཚ་རྫོང་གིས་སྡོང་འཛུགས་ནགས་སྐྲུན་བྱས་ནས་གཅན་ཚའི་ཡུལ་ལྗོངས་ཧྲིལ་བོ་ལྗང་མདོག་གི་རྣམ་པར་བསྒྱུར་པ་མ་ཟད། སྡོང་འཛུགས་བྱ་བ་ལ་བརྟེན་ནས་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་སྒོ་ཡང་འཕར་དུ་བཅུག་ཡོད་པ་དང་། སྡེ་བའི་ངལ་རྩོལ་པ་ལྷག་མ་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་ཀྱང་མི་དམན་པ་བསྩལ་ཡོད། དེའི་སྐོར་ནས་ནགས་སྲུང་པ་རྒྱ་མཚོ་ཡིས་བཤད་རྒྱུར།ཁོ་ལ་ནགས་སྲུང་གི་གླ་ཕོགས་ཟླ་རེར་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱ་རེ་བྱིན་པ་རེད། རང་གི་འཚོ་བ་ལ་འདང་རྒྱག་མི་འདུག སྔོན་ཆད་ང་ཚོའི་སྡེ་བས་སྡོང་འཛུགས་ནགས་སྐྲུན་ལ་དེ་འདྲའི་དོ་སྣང་མ་བྱས་མོད། ད་ལྟ་ཀུན་གྱིས་སྡོང་བོའི་སྐྱེ་སྟོབས་བཟང་ཞིང་ཕན་འབྲས་ཀྱང་གང་མང་རེག་པས། ཚང་མ་སེམས་ནས་དགའ་ཡོད་ཟེར།

གཅན་ཚ་རྫོང་གིས་སྡོང་འཛུགས་ནགས་སྐྲུན་ལ་བརྟེན་ནས། གཅན་ཚའི་ཡུལ་ལྗོངས་ཀྱི་བཀོད་པ་ཇེ་ལེགས་སུ་བཏང་ནས། གཅན་ཚའི་ཡུལ་སྐོར་གྱི་ཕྱོགས་སུ་མཛེས་ལྗོངས་ཀྱི་མཐུན་རྐྱེན་གང་ལེགས་སྐྲུན་པ་མ་ཟད། གཙང་གསུམ་འབྱུང་ཡུལ་གྱི་ས་ཆུ་སྲུང་འཛིན་དང་ས་རྒྱུ་གཤིན་ས་ཅན་དུ་བསྒྱུར་བར་ནུས་པ་གལ་ཆེན་ཐོན་པ་དང་། སྡོང་འཛུགས་ཀྱི་འཕྲིན་ལས་ལ་བརྟེན་ནས་ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ཡོད་ལ། གཅན་ཚ་རྫོང་གི་སྡོང་འཛུགས་ནགས་སྐྲུན་གྱིས་གཅན་ཚའི་ལྗང་མདོག་གི་རྨི་ལམ་མངོན་འགྱུར་བྱས།

གསར་འགོད་པ་དང་རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། གཡང་འབུམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ།ཕྱུག་ལོ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།