མཛེས་པའི་བོད་ཡུལ་འགྲིམ་པའི་ཁག་བཅུ་དགུ་བ།༼ རེབ་གོང་སྒྱུ་རྩལ་ཉམས་ལེན་ལྟེ་གནས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཕྱོགས་ནས་གྲུབ་འབྲས་ཆེན་པོ་བླངས།༽
2019.07.21 ཁུངས། ཀློག་གྲངས། 1057

 

 རེབ་གོང་སྒྱུ་རྩལ་ལྟེ་གནས་ཀྱི་འགྲེམ་སྟོན་ཐང་ག

 

གསེར་ལྗོངས་སྒྱུ་རྩལ་གླིང་གི་ཕྱིའི་བཀོད་པ།

ལག་ཤེས་པས་ཐང་ག་འབྲི་བཞིན་པ། 

པིར་རྩེ་ལས་ཐོན་པའི་སྒྱུ་རྩལ་གྱི་ཞིང་བཀོད།

     ཉེ་བའི་ལོ་འདི་དག་གི་རིང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་ས་གནས་རང་གི་ཁྱད་ཆོས་སྔོག་འདོན་དང་འཕེལ་རྒྱས་སུ་བཏང་ནས། རེབ་གོང་རིག་གནས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་བཏང་ཞིང་། ལྷ་རིས་སྒྱུ་རྩལ་གྱི་རིག་གནས་དགེ་མཚན་དེ་ཡུལ་སྐོར་གསར་སྤེལ་གྱི་སྲོག་ཤིང་དུ་བཟུང་ནས། ཚད་མཐོ་བའི་སྒྱུ་རྩལ་གྱི་འགུག་ཤུགས་ལ་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོར་མིག་གི་ལོངས་སྤྱོད་གྱ་ནོམ་པ་སྩོལ་བཞིན་ཡོད་པ་མ་ཟད།ཐུན་རིན་རྫོང་གིས་ད་དུང་མུ་མཐུད་དུ་ཡུལ་སྐོར་གྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་དང་། ཡུལ་སྐོར་བའི་མཛད་སྤྱོད་ཀྱི་དགོས་མཁོ་སྔར་ལས་སྐོང་ཅི་ཐུབ་བྱ་ཆེད། ལྷ་རིས་སྒྱུ་རྩལ་ལ་མོས་པ་ཡོད་མཁན་དག་ལ་དམིགས་ནས་རེབ་གོང་སྒྱུ་རྩལ་ཉམས་ལེན་ལྟེ་གནས་སོགས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་བཏང་ཞིང་། དེས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་བྱུང་།

རེབ་གོང་སྒྱུ་རྩལ་ཉམས་ལེན་ལྟེ་གནས་ལ་མཚོན་ན། ཏང་དང་སྲིད་གཞུང་གི་ཡུལ་སྐོར་དང་རིག་གནས་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཏུ། ཕྱིའི་ཁང་བའི་བཟོ་བཀོད་དང་ནང་གི་འགྲེམ་སྟོན་གྱི་སྒྱུ་རྩལ་བརྩམས་ཆོས་སོགས་ཚང་མ་རེབ་གོང་ས་ཆའི་སྲོལ་རྒྱུན་གྱི་རིག་གནས་རྐྱང་རྐྱང་གིས་གྲུབ་པར་བྱས་ཤིང་། རེབ་གོང་ས་གནས་རང་གི་སྔོན་ཆད་ཀྱི་འཚོ་བ་རོལ་སྟངས་དང་ལྷ་རིས་བཞེངས་སྟངས་སོགས་སྔོག་འདོན་བྱས་ཏེ། རྒྱ་ཆེའི་ཡུལ་སྐོར་པ་རྣམས་ལ་འགྲེམ་སྟོན་དང་ཉམས་ལེན་བྱེད་དུ་འཇུག་གིན་ཡོད་ལ། ཞོར་དུ་ལྷ་རིས་སྒྱུ་རྩལ་ལ་མོས་པ་ཡོད་པའི་སློབ་མ་ཡང་གང་མང་སྐྱེད་སྲིང་བྱེད་ཀྱིན་མཆིས།དེའི་སྐོར་ནས་ཀུང་ཟིའི་ནང་གི་ཐང་ག་འབྲི་མཁན་གྱི་སློབ་མ་ཤ་བོ་རིན་ཆེན་ལ་བཅར་འདྲི་བྱས་པ་ན།ཁོས་བཤད་རྒྱུར། ང་རང་ཐང་ག་འབྲི་བཞེངས་བྱེད་དུ་ཡོང་ནས་ལོ་གཉིས་འགོར་སོང་།ལོ་འདི་གཉིས་ཀྱི་རིང་དགེ་རྒན་གྱི་མཛུབ་སྟོན་ལ་བརྟེན་ནས་ལག་རྩལ་ཡང་འབྱོར་སོང་ལ། ཞོར་དུ་ལོ་རེར་སྒོར་ཁྲི་གཉིས་ནས་གསུམ་གྱི་ཡོང་འབབ་ཀྱང་བགོ་རྒྱུ་འདུག་པས།ངོ་མ་བཟང་གི་ཟེར།  

རེབ་གོང་སྒྱུ་རྩལ་ཉམས་ལེན་ལྟེ་གནས་ཀྱི་ནང་དུ་རེབ་གོང་ས་ཆའི་ཐང་གའི་སྒྱུ་རྩལ་སྣ་ཚོགས་གསར་བཞེངས་དང་འགྲེམ་སྟོན་བྱས་ཡོད་ལ། དེའི་ནང་ཐང་ག་མང་ཆེ་ཤོས་དེ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་འགྲན་སྡུར་ཁྲོད་བྱ་དགའ་ཡང་ཐོབ་འདུག་པ་མ་ཟད། ཐང་གའི་སྒྱུ་རྩལ་གྱི་ཁྱད་ཆོས་ངོས་ནས་ཀྱང་རེབ་གོང་ས་གནས་ཁྱད་ཆོས་ཅན་གྱི་ཐང་ག་དང་ལོ་རྒྱུས་ཀྱི་ཡུན་རིང་ཞིང་ད་ལྟ་ཉམས་དམས་སུ་སོང་བའི་འབྲི་ལུགས་སླར་གསོ་བྱས་པའི་ཐང་གའི་རིགས། དེ་མིན་རྒྱ་བོད་ཟུང་འབྲེལ་གྱི་འབྲི་ཐབས་སོགས་ལྷ་རིས་སྒྱུ་རྩལ་རིགས་སྣ་ཚོགས་འབྲི་བཞེངས་བྱས་འདུག  གསར་འགོད་པས་རེབ་གོང་སྒྱུ་རྩལ་ཉམས་ལེན་ལྟེ་གནས་ཀྱི་འགོ་བ་ཤ་བོ་རྒྱ་མཚོ་དང་ལྷ་རིས་པ་རྒྱ་མཚོ་གཉིས་ལ་བཅར་འདྲི་བྱས་པ་ན། ཁོང་གཉིས་ཀྱིས་ཀུང་ཟིའི་ནང་གི་ཐང་ག་དང་དེའི་རྒྱུ་ཆའི་རིགས་ཀྱི་ངོས་ནས་ངོ་སྤྲོད་བྱེད་རྒྱུར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ནི་རིག་གནས་ཀྱི་བང་མཛོད་ལྟ་བུར་བཤད་ཆོག་སྟེ། འཛམ་གླིང་ཐང་གའི་ཕ་ས། ཀྲུང་གོའི་རེབ་གོང་ཞེས་ཀུན་གྱི་ཁ་ན་རླུང་ལྟར་གྲགས་ཡོད། རེབ་གོང་མི་དམངས་ཀྱིས་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ཐང་གའི་སྒྱུ་རྩལ་འདི་ཉིད་རྒྱུན་འཛིན་དང་གསར་བཞེངས་བྱས་ཏེ། ནང་བསྟན་རིག་གནས་ཀྱི་རྒྱབ་ལྗོངས་མཐུག་པོའི་ཁྲོད་དུ་བཟོ་རྩལ་ལ་ཞིབ་ཚགས་ལྡན་ཞིང་། ཚོས་མདོག་ལ་བཀྲག་མདངས་འཚེར་པའི་རེབ་གོང་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ལྷ་རིས་སྒྱུ་རྩལ་གྱི་རྣམ་པ་གྲུབ་ཡོད། ད་ལྟ་རེབ་གོང་ཐང་ག་སྒྱུ་རྩལ་དེ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་མིང་ཐོའི་ཁྲོད་ཚུད་ཡོད་པ་མ་ཟད།ཉིས་སྟོང་དགུ་ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་་དངོས་མིན་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་སྲིད་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་བའི་སྟེང་གི་ཆོག་མཆན་བརྒྱུད་ནས།མིའི་རིགས་ཀྱི་དངོས་བོ་མ་ཡིན་པའི་ཤུལ་བཞག་རིག་གནས་འཐུས་ཚབ་བརྩམས་ཆོས་མིང་ཐོའི་ཁྲོད་དུ་ཚུད་པས།རེབ་གོང་ཐང་ག་སྒྱུ་རྩལ་དེ་འཛམ་གླིང་གི་གར་སྟེགས་སུ་བསྐྱོད་འགོ་བརྩམས་ལ།འདི་ལྟ་བུའི་མཐུན་རྐྱེན་དང་རྨང་གཞི་ལ་བརྟེན་ནས་རེབ་གོང་སྒྱུ་རྩལ་ཉམས་ལེན་ལྟེ་གནས་ཀྱང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོའི་སེམས་ཀྱི་འཁྲེང་ས་དང་མིག་གི་ལྟ་ས་རུ་གྱུར་ཡོད། གསར་འགོད་པས་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བྱམས་པ་བསྟན་འཛིན་ལ་བཅར་འདྲི་བྱས་པ་ན།ཁོས་རེབ་གོང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་ངོས་ནས་བཤད་རྒྱུར།

རེབ་གོང་སྒྱུ་རྩལ་ཉམས་ལེན་ལྟེ་གནས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་ལ་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་མཛད་སྤྱོད་ཀྱི་དགོས་མཁོ་བསྐངས་ཤིང་། དྲིལ་སྒྲོག་དང་ཁྱབ་བརྡལ་ལ་བརྟེན་ནས་རྒྱལ་ནང་དང་ཕྱི་གླིང་གི་ཡུལ་སྐོར་བའི་ཁ་གྲངས་ཀྱང་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

གསར་འགོད་པ་དང་རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། གཡང་འབུམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ།ཕྱུག་ལོ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།