མཛེས་པའི་བོད་ཡུལ་འགྲིམ་པའི་ཁག་ཉི་ཤུ་བ།༼ རྩེ་གཞུང་རྩྭ་ཐང་གི་དབུལ་སྐྱོར་གཏམ་རྒྱུད།༽
2019.07.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 397




དབྱར་ཟླ་བདུན་པའི་རྩེ་གཞུང་རྩྭ་ཐང་ནི་གོས་ཀྱི་འདབ་མ་ལ་གཡུ་ཡི་ཕྲ་ཚོན་བཏབ་པ་ལྟར་ལྗང་མདོག་གི་དབུས་སུ་ནོར་ལུག་གི་རྒྱུ་བ་གང་དགར་རྩེན་ཞིང་། རྩྭ་དང་རྩི་ཏོག་གི་རིགས་ནི་རྩེ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་སྣ་མང་ཞིང་རྫོང་མཐུག་པོར་སྐྱེས་འདུག ཇི་སྐད་དུ། ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན་ཞེས་གསུངས་པ་ལྟར། རྩེ་ཁོག་རྫོང་འདི་ཉིད་ལ་གཡང་གི་དག་ཞིང་། རྩེ་གཞུང་སྨན་ལྗོངས་ཕྱུག་མོ་ཞེས་མཚན་སྙན་གྱི་ཅོད་པན་མཐོན་པོ་ཉི་འོག་གི་སྐྱེ་བོ་ཀུན་གྱི་གཙུག་ལ་བཏེགས་ནས་ཡོད་པའང་དངོས་པོའི་གཤིས་དང་ཉེ་བའི་དོན་གཏམ་གྱི་རང་བཞིན་ཤ་སྟག་རེད།ང་ཚོ་མཛེས་པའི་བོད་ཡུལ་འགྲིམ་པའི་མཚོ་སྔོན་བཅར་འདྲི་ཚན་ཆུང་གིས་རྩྭ་ཐང་གི་དབུས་སུ་རྒྱང་རིང་ལ་སྲིང་བའི་གཞུང་ལམ་དེད་ནས། སྤྲིན་དཀར་ས་ལ་ལྷུང་བ་ལྟ་བུའི་ལམ་འགྲམ་གྱི་ལུག་ཁྱུ་པར་མིག་ལ་འདེབས་ཞོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ལ་སོང་བ་ཡིན།



དུང་དཀར་གཞིས་ཁུལ་གྱི་འགན་འཁུར་བ་ལིས་སུའུ་པིན་ལ་བཅར་འདྲི་བྱེད་ཀྱིན་པ། 

གསར་འགོད་པ་དག་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ལ་ཐོན་པ་ན། རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་ང་ཚོ་དུང་དཀར་གཞིས་ཁུལ་ཞེས་པའི་གནས་སྤོར་དབུལ་སྐྱོར་གཏན་སྡོད་ཁུལ་ཞིག་ཏུ་ཁྲིད་སོང་། དུང་དཀར་གཞིས་ཁུལ་འདི་ནི་ཉིས་སྟོང་བཅུ་དགུ་ལོར་བཙུགས་ཤིང་། སྤྱིའི་རྒྱ་ཁྱོན་ལ་རྨིད་སྟོང་ལྷག་གིས་ཟིན་ཡོད་ལ། གཙོ་བོ་རྩེ་ཆུ་གྲོང་རྡལ་དང་ཉིན་ཤུག་ཞང་། དཔྱི་ས་ཞང་། ཆ་སྐོར་ཞང་བཅས་ཞང་དང་གྲོང་རྡལ་བཞིའི་སྲིད་འཛིན་སྡེ་བ་བཅོ་ལྔ་ལྷག་གིས་གྲུབ་ཅིང་། ཁྱིམ་ཚང་བདུན་བརྒྱ་དང་བཅུ་གསུམ་ཡོད་ལ། མི་གྲངས་སྟོང་གཉིས་དང་དྲུག་བརྒྱ་བཅུ་དྲུག་ལྷག་ཡོད། སྡེ་བའི་ནང་དུ་མ་མཐའི་འཚོ་བའི་འགན་སྲུང་ནང་ཚུད་པའི་ཁྱིམ་གྲངས་དྲུག་བརྒྱ་ཉེར་བདུན་ཡོད་པ་མ་ཟད། གྲོང་ཚོ་འདིའི་གཞིས་ཁུལ་དུ་བུ་བཅོལ་ཁང་ཞིག་ཀྱང་འཛུགས་སྐྲུན་བྱས་ཡོད།

དུང་དཀར་གཞིས་ཁུལ་གྱི་བྱིས་པ་རྣམས་ཀྱི་དག་གཙང་གི་ངོ་གདོང་།

དུང་དཀར་གཞིས་ཁུལ་ནི་རྩེ་ཁོག་རྫོང་གི་མཐའ་འཁོར་དུ་ཆགས་ཡོད་ལ། སྡེ་བའི་ནང་གི་འབྲོག་པ་མང་ཚོགས་ནི་གནའ་བོའི་འབྲོག་ཐང་གི་ཤེས་རྨོངས་གྲོག་རོང་ལས་རིང་དུ་གྱེས་ནས་གྲོང་ཁྱེར་ཅན་དུ་འགྱུར་ཡོད་པ་མ་ཟད། ཁོ་ཚོའི་དབུལ་ཕོངས་ཀྱི་རྩ་བ་བསམ་བློའི་གོ་རྟོགས་ལ་རག་འདུག་པས། རྫོང་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཏུ། ཏང་གི་དྲོད་ཁོལ་གྱི་ཀློང་ནས་ཡོངས་སུ་འཚོ་བའི་དཀའ་སྡུག་སེལ་ཞིང་། བསམ་བློའི་དབུལ་ཐར་གྱི་ཁྲོད་ནས་འབྱོར་ཕྱུག་གི་ལམ་སྣ་ཟིན་འདུག

དུང་དཀར་གཞིས་ཁུལ་གྱི་གྲུ་ཟུར་ཞིག

དུང་དཀར་གཞིས་ཁུལ་ནང་གི་སྡེ་མི་རྣམས་ཀྱིས་རང་ཉིད་སྔོན་ཆད་ཀྱི་དཀའ་སྡུག་གི་འཚོ་བ་ལས་ཐར་ཏེ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ་ཏང་གི་དྲིན་ཡིན་པ་ཚོར་གྱིན་འདུག་ལ། མི་རབས་རྗེས་མར་སློབ་གསོ་དང་རིག་གནས་ཀྱི་ལམ་ནས་སྔོན་ཐོན་དང་སྔར་ལས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་སྟ་གོན་གྱི་ཕྱིར་དུ། རང་གི་བྱིས་པ་དག་ལ་ཕ་མའི་དཀའ་སྡུག་བཤད་པ་དང་མ་འོངས་པའི་མདུན་ལམ་འཚོལ་དགོས་པའི་བསླབ་བྱ་གནང་ནས། རིག་པའི་སྐྱེལ་ཚལ་ན་ཤེས་རབ་ཀྱི་རལ་གྲི་ལ་རྣོ་ངར་སྦྱིན་པའི་བཟང་པོ་གསུམ་ལྡན་གྱི་སློབ་མ་ཡང་བྱུང་དང་འབྱུང་བཞིན་ཡོད།

དབྱར་ཟླ་བདུན་པའི་རྩེ་ཁོག་གི་ནམ་ཟླ་ནི་སྐབས་རེར་གནམ་ངོ་གནག་ནས་ཆར་བ་འབབ་པ་དང་། ཡང་ལན་རེར་སྤྲིན་གྱི་ཡོལ་བའི་གསེབ་ནས་ཉི་ཟེར་གྱི་འཛུམ་མདངས་ཤིག་གེར་འཕྲོས་འོང་བ་ནི་མཐོ་སྒང་གི་དབྱར་ཁའི་གནམ་གཤིས་ཀྱི་ཁྱད་ཆོས་དང་ཡོངས་སུ་མི་འདྲ་བ་མེད་མོད། གྲོང་ཚོ་འདིའི་ནང་གི་འབྲོག་པ་དག་ནི་མི་ལོ་དུ་མའི་ཡར་སྔོན་གྱི་རང་གི་བག་ཡངས་ཀྱི་འཚོ་བ་རོལ་སྟངས་དང་ཁྱོན་ནས་མི་འདྲ་བར། གཟུགས་གཞི་འཐབ་ནས་གྲོད་ཁོག་གསོ་བའི་ལས་ལ་འདུར་གྱིན་འདུག ང་ཚོ་བཅར་འདྲི་ཚན་ཆུང་རྩེ་ཁོག་རྫོང་ཐོན་ལས་ར་བའི་ནང་སོང་བ་ན། གནས་དེ་རུ་ཡང་དུང་དཀར་མཉམ་ལས་ཁང་གི་སྡེ་མི་སྐོར་ཞིག་གིས་ལག་ཤེས་ལ་བརྟེན་ནས་འཚོ་བའི་ཡོང་སྒོ་འཚོལ་བཞིན་པའི་གནས་ཚུལ་ཐོས་བྱུང་།

རྩེ་ཁོག་རྫོང་ཐོན་ལས་ར་བའི་དོ་དམ་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་གུ་རུ་སྐྱབས་ལ་བཅར་བ། 

གྲོང་ཁྱེར་གྱི་ཤེས་རིག་དང་ཉེ་རུ་བཅར་པའི་དུང་དཀར་གཞིས་ཁུལ་ལ་མཚོན་ན། ཕྱིའི་ཁོར་ཡུག་གི་ངོས་ནས་སྔར་བཞིན་འབྲོག་ཐང་གི་སྤྲོ་སྐྱིད་དང་དྭངས་གཙང་གི་མཁའ་དབུགས་ཀྱིས་ཡོངས་སུ་ཁྱབ་ཡོད་དེ། དེ་ནི་གྲོང་ཚོ་འདིའི་ཉེ་འདབས་སུ་རྩེ་ཁོག་བརླན་སའི་སྤྱི་གླིང་ཞིག་ཡོད་པས་ཡིན། རྩེ་ཁོག་རྫོང་རྩེ་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་ལོ་རྒྱུས་རིག་གནས་དང་འབྲོག་པའི་ཡུལ་སྲོལ། སྐྱེ་ཁམས་ལྗོངས་གཟིགས། སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་བྱེད་ནུས་སྣ་མང་ལྡན་པའི་བརླན་སའི་སྤྱི་གླིང་ཞིག་རེད། སྤྱི་གླིང་འདི་འཛུགས་སྐྲུན་བྱས་པ་ནས་བཟུང་རྩེ་ཁོག་རྫོང་གི་མཐའ་འཁོར་དུ་ཁོར་ཡུག་སྲུང་སྐྱོབ་དང་ས་ཆུ་སྲུང་འཛིན་ཕྱོགས་སུ་ཕན་པ་མངོན་གསལ་ཡོད་པ་མ་ཟད། ན་སྤང་གི་མཚམས་སུ་སྐུད་ཐིག་ལྟར་འཐེན་པའི་ཆུ་ཕྲན་གྱི་ཚོགས་ཀྱང་ཇེ་གཙང་དང་ཇེ་དྭངས་སུ་གྱུར་པས། དུང་དཀར་གཞིས་ཁུལ་གྱི་མི་རྣམས་ལ་ཁོ་ར་ཁོར་ཡུག་ཀུན་ཏུ་ཆུ་དང་གློག ལམ་སོགས་ཀྱི་མཐུན་རྐྱེན་ཅི་དགོས་འཛོམས་ཡོད། རྩེ་ཁོག་རྫོང་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་འགན་འཛིན་པས་བཤད་པ་ལྟར་ན། ལོ་འདི་དག་ལ་བརླན་སའི་སྤྱི་གླིང་གི་འཛུགས་སྐྲུན་ལ་བརྟེན་ནས་མིང་མི་ཐོགས་པའི་བྱ་རིགས་སྣ་ཚོགས་ཀྱང་དུང་དཀར་གཞིས་ཁུལ་གྱི་ཉེ་འགྲམ་དུ་འཚོ་ཞིང་གནས་པས། འབྲོག་པ་མང་ཚོགས་ཀྱིས་དུས་ནམ་ཚོད་བཟང་ངན་བྱ་ཡིས་ཤེས་ཟེར་ནས་ལྟས་ལེགས་པོ་ཞིག་ལ་བརྩིས་ནས་དགའ་མགུ་ཚད་མེད་བྱེད་ཀྱིན་འདུག་ཟེར།

དུང་དཀར་གཞིས་ཁུལ་གྱི་དབུལ་སྐྱོར་གཏན་སྡོད་ཁྱིམ་ཚང་དག་ནི་རྩེ་ཁོག་རྫོང་གི་ཞང་དང་གྲོང་རྡལ་སོ་སོའི་དབུལ་ཕོངས་ཁྱིམ་ཚང་རྣམས་གཞི་གཅིག་ཏུ་འདུས་པའི་གནས་སྤར་ཁྱིམ་ཚང་ཁག་ཅིག་ཡིན།དེ་ཡང་ཁྱིམ་ཚང་བདེ་སྐྱིད་ལྡན་པ་དག་ལ་སྐྱིད་ཀྱི་མགོ་འཕང་གཅིག་འདྲ་ཡིན་མོད། ཁྱིམ་ཚང་གོད་ཆག་ཐེབས་པ་དག་ནི་ལས་ཀྱི་བསྐོས་ཐང་ཁ་ཁ་ཡིན་ཟེར་པ་ལྟར།  ཁོ་ཚོའི་ཁྲོད་སྔོན་ཆད་ལ་ཤས་ནད་ཡམས་ཀྱིས་རྒྱུ་འབྱོར་སྨན་རིན་ལ་ཟད་པ་ཡོད་ལ། ཡང་ལ་ཤས་དུས་ངན་གྱིས་སྒོ་ཟོག་མེད་བརླག་ཏུ་སོང་བ་ཡང་ཡོད་མོད། ད་ལྟ་ཏང་གི་ཐུགས་ཁུར་གྱི་ཉི་ཟེར་དྲོན་མོ་རྩེ་གཞུང་རྩྭ་ཐང་གི་ཡུལ་ཕྱོགས་ཀུན་ལ་འཕྲོས་པས། འབྲོག་པ་མང་ཚོགས་ཀྱི་འཚོ་བར་སྐྱིད་ཀྱི་མགོ་རུ་བརྟན་པའི་རྟེན་འབྲེལ་གྱི་ཡན་ལག་ཚང་ཞིང་། གཡང་གི་ཕྱྭ་གཡང་འཁོར་བའི་སྡེ་བཞིའི་ལོངས་སྤྱོད་འཛོམས་པས། ད་ནི་གཏམ་ངག་ལ་རྒྱུས་ན་དྲིན་གཏམ་རེད་ལ། གཞས་དབྱངས་ལ་བཀུག་ན་བསྟོད་གླུ་རེད་དེ། ཁོ་ཚོས་ནམ་ཡང་ཏང་གི་དྲིན་ཤེས་ཤིང་ཏང་ལ་དྲིན་གཟོ་བའི་ལྷག་བསམ་གྱི་རང་མདངས་རྣལ་མ་ཞིག་རང་སེམས་སུ་ཉར་ནས། མཛེས་སྡུག་གི་རྨི་ལམ་རིང་མོ་ཞིག་སེམས་ཁོང་དུ་སྦྲུམ་ནས། རྩེ་ཆུའི་འགྲམ་ངོགས་སུ་དུས་རབས་གསར་བའི་དཔལ་ཡོན་ཁྱིམ་ཚང་ཞིག་ཏུ་འགྱུར་བར་འབད་པས་འབུངས་བཞིན་འདུག



གསར་འགོད་པ་དང་རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། གཡང་འབུམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ།ཕྱུག་ལོ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།