གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་བྱ་བའི་ཁྲོད། སྔར་ཡོད་ཀྱི་ནད་ཚབས་ཆེན་གྱི་རིགས་ལ་ཆེད་དོན་གསོ་བཅོས་བྱེད་པའི་རྨང་གཞིའི་སྟེང་། རྒྱལ་ཁབ་ཀྱིས་གཅོང་ནད་སོགས་ནད་རིགས་བཞི་ཁ་སྣོན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་མཆིན་པ་སྲ་འགྱུར་གྱི་ནད་སོགས་ནད་རིགས་གསུམ་ཁ་སྣོན་བྱས་པས། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཀྱི་ཁ་གསབ་རོགས་སྐྱོར་བྱེད་པའི་ནད་ཚབས་ཆེན་གྱི་རིགས་སུམ་ཅུར་སླེབས།
མཚོ་སྔོན་ཞིང་ཆེན་གྱིས་གསར་སྣོན་ནད་རིགས་ཀྱི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ནས། གནས་གཏན་ཁེལ་བྱས་པའི་སྨན་ཁང་ཇེ་མང་དུ་བཏང་སྟེ། ནད་བརྟག་སྨན་བཅོས་ཀྱི་དགོས་མཁོ་བསྐངས་པ་དང་། ཞིང་སྡེའི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དཀའ་ཁག་ཅན་གྱི་ནད་པས་རྫོང་ཁོངས་ནང་ཞག་སྡོད་སྨན་བཅོས་བྱས་ན་བརྟག་བཅོས་སྔོན་དུ་བྱེད་པ་དང་སྨན་རིན་རྗེས་ནས་སྟེར་ཆོག་པ་དང་། སྨན་ཁང་ནས་ཕྱིར་འབུད་དུས་རང་བབ་སྨན་རིན་མ་གཏོགས་སྟེར་མི་དགོས་ལ། དེའི་འཕྲོའི་སྨན་རིན་དག་སྨན་བཅོས་འགན་སྲུང་ལས་ཁུངས་ཀྱིས་གྲོས་ཡིག་ལྟར་དུས་ཐོག་ཏུ་གནས་གཏན་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ལ་ཁ་གསབ་བྱེད་རྒྱུ་རེད།