མཛེས་པའི་བོད་ཡུལ་འགྲིམ་པའི་ཁག་ཉེར་གཅིག་པ།༼ རྨ་སོག་རྩྭ་ཐང་གི་ཕྱུག་འགྱུར་གནས་ཚུལ་ལོ་རེར་ཇེ་བཟང་ལ་འགྲོ་བཞིན་འདུག ༽
2019.07.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 545

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ་དབུལ་སྐྱོར་གྱི་བྱེད་ཐབས་སྣ་མང་སྤྱད་ནས།སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོར་ཡོངས་སུ་དབུལ་ཕོངས་ལས་ཐར་ཞིང་། རྫོང་ཧྲིལ་བོའི་མང་ཚོགས་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད། 

ང་ཚོ་མཛེས་པའི་བོད་ཡུལ་འགྲིམ་པའི་མཚོ་སྔོན་བཅར་འདྲི་ཚན་ཆུང་ཧི་ནན་རྫོང་ལ་སོང་ནས་དབུལ་ཐར་རྗེས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ལྟར་ན། ཉེ་ལམ། ཧི་ནན་རྫོང་གིས་དབུལ་ཐར་རྗེས་ཀྱི་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཡར་རྒྱས་སུ་འགྲོ་ཆེད། ཞང་དང་གྲོང་རྡལ་གྱི་སྡེ་བ་སོ་སོ་ཐོན་ལས་དབུལ་སྐྱོར་གྱི་ཕྱོགས་སུ་སྣེ་ཁྲིད་དེ། སྡེ་བ་རེ་རེར་ཐུན་མོང་གི་དཔལ་འབྱོར་ཡོད་པ་དང་། སྡེ་དམངས་ཀུན་གྱིས་ཁེ་ལས་རང་སྟོབས་རང་སྤེལ་བྱེད་པར་ཤུགས་བསྣན་ནས། མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་སྔར་ལས་ཇེ་དྲག་ཏུ་བཏང་བ་མ་ཟད། རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འབྱོར་ཕྱུག་གི་སྤུས་ཚད་སྔར་ལས་ཇེ་མཐོར་བཏང་འདུག དེའི་ངོས་ནས་རྨ་ལྷོ་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་དབང་ཆེན་རྣམ་རྒྱལ་གྱིས་བཤད་རྒྱུར།

ཧི་ནན་རྫོང་གིས་ཞང་དང་གྲོང་རྡལ་སོ་སོའི་སྡེ་དམངས་རྣམས་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བ་དང་། སྟེས་དབང་གི་གོད་ཆག་སོགས་ཀྱིས་དབུལ་བོར་འགྱུར་བ་ལ་སྔོན་འགོག་དང་།དབུལ་ཐར་རྗེས་སུ་བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་ཐུབ་པར་ཁག་ཐེག་བྱ་ཆེད། སྡེ་བ་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྔོག་འདོན་བྱས་ཏེ། སྡེ་བ་རང་གི་གནས་ཚུལ་ལ་རྐང་བཙུགས་ནས་ཐོན་ལས་མཉམ་ལས་ཁང་སོ་དགུ་བཙུགས་ཡོད་པ་དང་། ཐོན་ལས་མཉམ་ལས་ཁང་དེ་དག་གིས་སྡེ་བའི་མང་ཚོགས་ཀྱི་ཡོང་སྒོ་ཇེ་བཟང་དུ་བཏང་འདུག་པ་མ་ཟད། ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ཡང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་འདུག


ལམལུང་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ར་ཆེན་མོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གདུགས་དཀར་སྐྱབས་ལ་བཅར་འདྲི་བྱེད་ཀྱིན་པ། 

གསར་འགོད་པས་ཧི་ནན་རྫོང་གི་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་གཉིས་ཀྱི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་ཞིག་བྱས་པ་ཡིན། དེའི་ནང་གཅིག་ནི་ཧི་ནན་རྫོང་ལམ་ལུང་སྡེ་བའི་ཤོ་ཏོ་ནོར་གནག་གསོ་སྤེལ་ལྟེ་གནས་རེད།ཧི་ནན་རྫོང་ལམ་ལུང་སྡེ་བའི་ཤོ་ཏོ་ནོར་གནག་གསོ་སྤེལ་རྟེན་གཞིས་གཞན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་ཆེད་མཁས་པར་བློ་འདྲི་བྱེད་པ་མ་ཟད།གསར་སྐྲུན་དངོས་གཉེར་དང་ཕྱོགས་བསྡུས་སྐུལ་སྤེལ་གྱིས་སྐྱེ་ལྡན་ཕྱུགས་ར་འཛུགས་སྐྲུན་ཕྱོགས་སུ་གྲུབ་འབྲས་མངོན་གསལ་བླངས་ཡོད། 


ཞོ་ཏོ་ནོར་གནག

མཉམ་ལས་ཁང་འདིའི་འགན་འཛིན་པ་གདུགས་དཀར་སྐྱབས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།མཉམ་ལས་ཁང་འདིའི་ནང་ཁྱིམ་ཚང་བརྒྱ་དང་ཉེར་གཉིས་ཞུགས་ཡོད་ལ། ན་ནིང་གི་ལོ་ཧྲིལ་བོའི་ཚོད་ལྟ་རང་བཞིན་གྱི་ལས་གཉེར་ཁྲོད་ཡོང་སྒོ་སྒོར་ཁྲི་བཞི་བརྒྱ་དང་ཞེ་དྲུག་ལྷག་འདུག མཉམ་ལས་ཁང་འདིའི་ནང་གི་ཕྱུགས་ལས་ཐོན་རྫས་ཚང་མ་ཞིང་ཆེན་ཕྱི་ནང་ལ་ཕྱིར་འཚོང་བྱས་ན་ཡོང་འབབ་ཀྱང་བཟང་གི་ཟེར། མཉམ་ལས་ཁང་འདིས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཤོ་ཏོ་ནོར་ནག་གསོ་སྤེལ་བྱས་ཏེ། ཤོ་ཏོ་ནོར་ནག་གི་ཤ་རིགས་ཕྱིར་འཚོང་བྱས་པ་དེས་སྡེ་བའི་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་ལྡན་ལས་ལྡབ་འགྱུར་གྱིས་འཕར་དུ་བཅུག་ཡོད།

གསར་འགོད་པས་གནས་ཚུལ་ལ་རྒྱུས་ལོན་བྱས་པའི་ཐོན་ལས་མཉམ་ལས་ཁང་གཞན་ཞིག་ནི་རྨ་ལྷོ་རྫོང་སྐྱེ་ཁམས་ཕྱུགས་ལས་ཐོན་རྫས་ཐད་འཚོང་ལྟེ་གནས་རེད། 

རྨ་ལྷོ་རྫོང་སྐྱེ་ཁམས་ཕྱུགས་ལས་ཐོན་རྫས་ཐད་འཚོང་ལྟེ་གནས། 

ཐོན་རྫས་ཐད་འཚོང་བྱེད་པའི་མཉམ་ལས་ཁང་འདིར་མཚོན་ན། དུས་རབས་གསར་བའི་འབྲོག་པ་མང་ཚོགས་ལ་སྤུས་ཀ་ལེགས་པའི་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཚད་གཞི་གཏན་འབེབ་བྱས་ཤིང་། ས་གནས་ཕྱུགས་ལས་ཐོན་ལས་མཉམ་ལས་ཁང་དག་གི་ཐོན་རྫས་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ནས། སྐད་འཕྲིན་དང་དྲ་ལམ་སོགས་ཀྱི་སྟེགས་བུ་བརྒྱུད་ནས། དྲ་ཐོག་གི་འཛད་སྤྱོད་པ་དག་གི་དགོས་མཁོ་བསྐང་པ་མ་ཟད། ས་གནས་ཁྲོམ་རའི་གཞི་རྒྱ་ཆེར་བསྐྱེད་ཐད་ནུས་པ་ཆེན་པོ་ཐོན་འདུག མཉམ་ལས་ཁང་འདིའི་འགོ་བ་དཀོན་མཆོག་ཚེ་བརྟན་གྱིས་དེའི་སྐོར་ནས་བཤད་རྒྱུར།

ཧི་ནན་རྫོང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྗེས། སྡེ་བའི་འབྱོར་ཕྱུག་གི་ཆུ་ཚད་ཇེ་མཐོ་དང་། མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་ཇེ་བཟང་དུ་གཏོང་ཆེད། སྡེ་བ་སོ་སོའི་དངོས་ཡོད་ཀྱི་གནས་ཚུལ་ལ་རྐང་བཙུགས་ཤིང་།ས་གནས་ཀྱི་ཁྱད་ཆོས་སྔོག་འདོན་གང་ལེགས་བྱེད་པ་སོགས་བྱེད་ཐབས་སྣ་མང་ལག་བསྟར་བྱས་ཏེ། སྡེ་བ་རེ་ལ་ཐུན་མོང་གི་ཕྱོགས་བསྡུས་དཔལ་འབྱོར་ཡོད་པ་དང་། སྡེ་དམངས་ཚང་མར་དངོས་གཉེར་གྱི་ཡོང་སྒོ་ཡོད་དུ་བཅུག་ནས། དུས་རབས་གསར་བའི་རྨ་སོག་རྩྭ་ཐང་གི་ཁྱོན་ལ་ཏང་གི་གཟི་བྱིན་ལྷམ་མེར་འཚེར་ཞིང་། ལོ་ངོ་བདུན་ཅུའི་མཚར་སྡུག་གི་བཤུལ་ལམ་ལ་བསྟོད་པའི་ཁ་བཏགས་དགུང་ལ་བཏེགས་ནས་རྟེན་འབྲེལ་ཞུ་བཞིན་འདུག

གསར་འགོད་པ་དང་རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། གཡང་འབུམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ།ཕྱུག་ལོ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།