དབྱར་ཟླ་བདུན་པའི་འབའ་ལུང་རིང་མོ་ནི་གཡུ་ཡི་གཞོང་པ་ཞིག་དང་ཀུན་ནས་མཚུངས་ཤིང་།ལམ་འགྲམ་གྱི་རྣང་ཞིང་དག་ན་ལོ་ལེགས་ཀྱིས་བལྟམས་པའི་འབྲུ་རིགས་སྣ་ལྔས་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་རླབས་ཀྱི་ཕྲེང་བ་བར་མེད་གཡོ།ལུང་མཐིལ་ན་ལྷུང་ལྷུང་འབབ་པའི་འབའ་ཆུ་སྔོན་མོས་དུས་རབས་གསར་བའི་འབའ་ལུང་རིང་མོའི་འབྱོར་ཕྱུག་བདེ་སྐྱིད་ཀྱི་གླུ་དབྱངས་གདངས་སུ་གྱེར་བཞིན་རྒྱང་ནས་རྒྱང་ལ་བཞུར།དེ་ལྟར་ང་ཚོས་ལམ་འགྲམ་གྱི་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བྱུང་མཛེས་ལྗོངས་ཀྱི་རི་མོ་སེམས་ཀྱིས་མྱོང་བཞིན་འབའ་ལུང་ཞང་འབའ་མདོ་སྡེ་བའི་ཕྱོགས་སུ་བསྐྱོད་པ་ཡིན།
འབའ་ལུང་ཞང་འབའ་མདོ་སྡེ་བའི་ལྗོངས་ཀྱི་བཀོད་པ།
རྨ་ཆུའི་གླིང་དགུའི་ཁུགས་སོ་གཉིས་པར་གྲགས་པའི་འབའ་མདོ་སྡེ་བ་ནི།ངག་རྒྱུན་དང་ལོ་རྒྱུས་གང་གི་ཆ་ནས་ཀྱང་ཐུན་ཏེ་རྫོང་གི་རྫོང་རི་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས་གཙོ་བོ་ཡིན་པར་གྲགས་པས་ཡུལ་ལུང་སོ་སོའི་མི་སྣ་མང་པོ་ཞིག་གིས་གནས་འདི་ལ་དང་དོད་ཆེན་པོ་བྱེད་ཀྱིན་ཡོད་པར་མ་ཟད།ལམ་ཐག་རིང་བོ་བརྒྱུད་ནས་ལྟ་སྐོར་དང་སྤྲོ་གསེང་བྱེད་དུ་ཡོང་མཁན་ཡང་ལོ་རེ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། དེ་བས་ཐུན་ཏེ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་འབའ་ལུང་ཞང་འབའ་མདོ་སྡེ་བའི་ཡུལ་མི་རྣམས་ཀྱི་དབུལ་ཐར་རྗེས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བརྟན་འཇགས་ཡོང་ཆེད་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཆེན་པོ་བྱས་ཏེ།རྫོང་རི་རིག་གནས་ཀྱི་མིང་གྲགས་དང་ཁྱད་སྟོབས་ལ་བརྟེན་ནས།འབའ་ལུང་ཞང་འབའ་མདོ་སྡེ་བ་རུ་ཐུན་ཏེ་རྫོང་ཀྱལ་རྟ་གནས་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟི་ཞེས་པའི་འབའ་མདོ་སྡེ་བའི་སྡེ་དམངས་སྤྱིའི་འཚོ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཞིང་བའི་སྤྲོ་སྐྱིད་གླིང་ཞིག་ཕྱེས་ནས།འབའ་མདོ་སྡེ་བའི་སྡེ་དམངས་ཡོངས་ཀྱི་འཚོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།
ཞིང་བའི་སྤྲོ་སྐྱིད་གླིང་དེ་རུ་ཟ་ཁང་དང་ཉལ་ཁང་བཅས་གཞི་གཅིག་ཏུ་གྲུབ་པར་མ་ཟད།རྨ་ཆུ་གླིང་དགུའི་ཁུགས་སོ་གཉིས་པར་གྲགས་པའི་རྨ་ཀླུང་སྔོན་མོའི་རླབས་ཕྲེང་གཡས་སུ་འཁྱིལ་བའི་འགྲམ་རྒྱུད་དུ།ཡུལ་ཕྱོགས་གཞན་དུ་མཐོང་བར་དཀོན་པའི་ཀྱལ་རྟའི་ནགས་ཀླུང་སྣོལ་མར་འཁྲིགས་པའི་ཚལ་ན་རང་དབང་སྒོས་སྤྲོ་གསེང་གཏོང་སའི་ཁོར་ཡུག་ཡིད་དུ་འོང་བ་ཡོད་པས་ཕྱོགས་ཀྱི་མགྲོན་པོ་མང་པོ་ཞིག་གནས་དེར་མ་གྲོས་ངང་གིས་འདུ་བཞིན་ཡོད་ཅིང་།ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ནས་བཟུང་ཐུན་ཏེ་རྫོང་གི་རྫོང་རི་རིམ་པའི་རྐང་རྒྱུག་འགྲན་སྡུར་གྱི་ལུས་རྩལ་བྱ་འགུལ་དེ་ཡང་གནས་དེར་བསྡུས་པས་མགྲོན་པོའི་གྲངས་ཀ་དེ་ཉིན་གཅིག་ལ་མི་གྲངས་སྟོང་གཅིག་དང་བཞི་བརྒྱ་ལ་འབུད་ཅིང་ཞིང་པའི་སྤྲོ་སྐྱིད་གླིང་དེའི་ཡོང་སྒོའི་ཐད་ལའང་སྔོན་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིག་སྐྱེད་སྲིང་བྱེད་མཁན་གྱི་མ་ཡུམ་ཡིན་ཞིང་།འུ་ཅག་གི་འདས་ཟིན་པའི་ཤེས་རིག་གི་རྗེས་ཤུལ་མང་པོ་ཞིག་ད་ལྟའི་ཆ་འདིར་རྨ་ཆུའི་འགྲམ་རྒྱུད་དུ་གསར་རྙེད་བྱུང་དང་འབྱུང་བཞིན་ཡོད་པ་ནང་བཞིན།ལོ་རབས་དགུ་བཅུ་བའི་སྨད་ཙམ་ལ་རྨ་སྔོན་མོའི་ཁུགས་སོ་གཉིས་པར་ཆགས་པའི་འབའ་མདོ་སྡེ་བ་རུ་རྫོང་རི་རིག་གནས་ཀྱི་གྲུབ་ཆ་མང་པོ་ཞིག་གསར་དུ་རྙེད་པ་དེས་བོད་ཀྱི་གླུ་གར་བྲོ་གསུམ་སོགས་རིག་གནས་སྐོར་ཞིག་གི་ཐོག་མའི་རྣམ་པར་ཁུངས་འདེད་བྱེད་ཐུབ་པར་ཚན་རིག་གིས་བདེན་དཔང་བྱས་ཡོད་ཅིང་།ལྷག་པར་དུ་ཡུལ་དེའི་མི་རྣམས་ཀྱི་ངག་རྒྱུན་དུ་མི་ལོ་བདུན་བརྒྱ་ནས་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཀྱལ་རྟའི་སྡོང་རྒན་དེ་དག་དང་འབྲེལ་བའི་ཁྱད་མཚར་བའི་གཏམ་རྒྱུད་མང་པོ་ཞིག་ཡུལ་དེའི་མི་རྣམས་ཀྱི་སེམས་ཀྱི་རུས་པར་ཟུག་ཡོད་པ་ནང་བཞིན།ཕྱོགས་དང་ཕྱོགས་ཀྱི་མགྲོན་པོ་མང་པོ་ཞིག་འཚང་ཁ་ཤིག་ཤིག་གིས་འདུ་བ་ཡང་གནས་དེའི་ངོ་མཚར་བའི་རང་བྱུང་གི་མཛེས་པར་རོལ་མྱོང་དང་།ཁྱད་མཚར་བའི་རིག་གནས་ཀྱི་རྒྱབ་ལྗོངས་དེ་དག་ལ་རྒྱུས་ལོན་བྱེད་འདོད་ཀྱི་འདུན་པས་སྐུལ་བ་ཡང་ཁ་ཚོན་བཅད་ནས་བཤད་ཆོག་པ་ཞིག་རེད།
རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ཡིན་ལ།ཡུལ་སྐོར་ནི་དེང་གི་མི་རྣམས་ཀྱིས་ལྷོད་གཡེང་གི་འཚོ་བ་རོལ་སྟངས་སུ་གྱུར་ཡོད་པས།ཐུན་ཏེ་རྫོང་འབའ་མདོ་སྡེ་བས་ཡུལ་སྐོར་ལ་བརྟེན་ནས་སྡེ་བའི་ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་ཁེ་གཉེར་གྱི་རྣམ་པས་མང་ཚོགས་ཀྱི་ཡོང་སྒོ་ཇེ་བཟང་དུ་བཏང་བ་མ་ཟད། འབའ་ལུང་ཞང་གི་སྡེ་བ་སོ་སོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གི་རྩ་བའི་རེ་འདུན་ལག་བསྟར་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།
ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཀྱལ་རྟའི་སྡོང་བོ།
རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་མཉམ་འདྲེས་ཀྱིས་འབའ་མདོ་སྡེ་བའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་འབྱོར་ཕྱུག་གི་ལམ་དུ་ཁྲིད་པས།ཀྱལ་རྟ་དམར་པོའི་དྲི་བསུང་གི་ཁྲོད་ན་ལྗང་མདོག་གི་ཁྱིམ་གཞིས་ཆགས་ཤིང་།རྫོང་རུའི་རིག་གནས་ཀྱི་བཙན་སའི་ཁྲོད་ན་ཡུལ་སྐོར་གྱི་འདུ་འཛི་རྒོད་པའི་གྲོང་སྡེ་དེའི་མང་ཚོགས་ཀྱིས་དཀའ་ཐུབ་ཀྱི་རྔུལ་ཆུའི་ཀློང་ན་འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་འཚོ་བ་ལ་ཉམས་སུ་མྱོང་བཞིན།ཀྱལ་རྟའི་ནགས་མའི་ལོ་འདབ་ཀྱི་བསིལ་གྲིབ་ཀློང་ན་སྡེ་བཞིའི་ལོངས་སྤྱོད་ཀྱིས་ཕྱུག་པའི་དུས་རབས་གསར་བའི་རྫོགས་ལྡན་གྱི་དཔལ་ལ་ལོངས་སུ་སྤྱོད་བཞིན་མཆིས།
གསར་འགོད་པ། གཡང་འབུམ་རྒྱལ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།