རྐ་བར་མ་སྡེ་བའི་ཞིང་སའི་མཐའ་འཁོར་གྱི་ཡུལ་ལྗོངས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ལུང་ཞང་རྐ་བར་མ་སྡེ་བས་ཞིང་སའི་ས་ཆུ་སྲུང་འཛིན་གྱི་ནུས་པ་ཞན་པ་དང་། སྡེ་བའི་མཐའ་འཁོར་གྱི་ཁོར་ཡུག་ཧྲིལ་བོ་ས་ནག་ཐང་དུ་འགྱུར་བའི་གནས་ཚུལ་ལ་གཞིགས་ནས། ཞང་ཏང་ཨུ་དང་སྲིད་གཞུང་གི་རོགས་རམ་འོག་ཏུ་རྫོང་སྲིད་གཞུང་ལ་སྙན་ཞུ་བྱས་ཤིང་། རྫོང་ནགས་ལས་ཅུའུ་ཡིས་དངོས་སུ་ཡུལ་དངོས་ནས་རྟོག་ཞིབ་ནན་མོ་བྱས་རྗེས། ཉིས་སྟོང་བཅོ་བརྒྱད་ལོར། དོན་དངོས་ཀྱི་གནས་ཚུལ་ལྟར་སྡོང་འཛུགས་ནགས་སྐྲུན་བྱེད་པར་ཆོག་མཆན་བཀོད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་ཞང་གིས་རྨ་ཆུ་གླིང་དགུའི་ཁུགས་སོ་གཉིས་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་དང་། ས་ནག་ཐང་བཅོས་སྐྱོང་བྱེད་པ། སྡེ་བའི་མང་ཚོགས་ཀྱི་ཞིང་སའི་བརླན་སའི་ནུས་པ་ཆེ་རུ་གཏོང་པ་སོགས་ཀྱི་ཆེད་དུ། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཡིད་ལ་བརྟན་པོར་བཅངས་ཤིང་། སྡེ་བའི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། དམངས་ཚིས་ལེགས་སྒྱུར་ལ་འགན་སྲུང་བྱེད་པར་སྐུལ་འདེད་བཏང་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གི་གལ་ཆེ་བའི་རེ་འདུན་ལྟར། འབའ་ལུང་ཞང་རྐ་བར་མ་སྡེ་བའི་ཞིང་སའི་མཐའ་འཁོར་ཧྲིལ་བོར་སྡོང་ཕྲུག་འཛུགས་པའི་ལས་གཞི་རྒྱ་ཆེར་སྤེལ།
རྐ་བར་མ་སྡེ་བའི་ཧྲུའུ་ཅི་རིག་འཛིན་རྡོ་རྗེ་ཡིས་གསར་འགོད་ཚན་ཆུང་གི་བཅར་འདྲི་དང་ལེན་བྱེད་བཞིན་པ།
སྔོན་ཆད་འབའ་ལུང་ཞང་རྐ་བར་མ་སྡེ་བའི་ས་ཞིང་བྱེ་མར་གྱུར་ཞིང་། ཆར་ཆུ་བབས་ཚེ་རི་མགོའི་བྱེ་འདམ་ཆུ་ལོག་གིས་འཁུར་ནས་ཞིང་ནང་དུ་སོང་ལ། དེས་སྡེ་བའི་ཞིང་ས་ལ་ལོ་ལེགས་མི་འབྱུང་པ་དང་། ཞིང་ཁའི་ས་ལྷག་ཚང་མ་ཡང་རྩྭ་དང་རྩི་ཏོག་ཅི་ཡང་སྐྱེ་རྒྱུ་མེད་པར། རྨ་ཁུགས་སོ་གཉིས་པའི་ཉེ་འགྲམ་གྱི་རོང་སྡེ་དེ་སྐྱ་ཐིང་ཐིང་གི་རྣམ་པ་རུ་ཆགས་ཡོད། ཉིས་སྟོང་བཅོ་བརྒྱད་ལོར། རྫོང་ནགས་ལས་ཅུའུ་ཡིས་མ་དངུལ་སྒོར་ཁྲི་སོ་ལྔའི་འགྲོ་སོང་བཏང་ནས། ཁྱིམ་ཚང་བདུན་བཅུ་ལྷག་གིས་གྲུབ་པའི་སྡེ་བ་འདིར་ལྗང་མདོག་གི་ཁྱིམ་གཞི་སྐྲུན་མགོ་བརྩམས།
རྐ་བར་མ་སྡེ་བས་སྡོང་འཛུགས་ནགས་སྐྲུན་བྱས་རྗེས་ཀྱི་རྣམ་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ལུང་ཞང་གིས་རྐ་བར་མ་སྡེ་བར་སྡོང་འཛུགས་ནགས་སྐྲུན་བྱས་པ་དེས་སྡེ་བའི་ཁྱིམ་གཞི་ལྗང་མདོག་ཅན་དུ་བསྒྱུར་ཅིང་། བྱེ་ཐང་བཅོས་སྐྱོང་བྱས་ཏེ་ཞང་ཧྲིལ་བོའི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་སུ་ནུས་པ་ཆེན་པོ་ཐོན་ཡོད་པ་མ་ཟད། ཞིང་ས་བརླན་ས་ཅན་དུ་འགྱུར་བར་ཕན་པ་བླ་ལྷག་ཐོན་ཞིང་། མང་ཚོགས་ཀྱིས་དགའ་བསུ་ཚད་མེད་བྱེད་ཀྱིན་འདུག
གསར་འགོད་པ། གཡང་འབུམ་རྒྱལ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ།ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།