གཙོས་གྲོང་ཁྱེར་གངས་ནོར་གཡོས་སྦྱོར་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་བཙུགས་ནས་ལོ་འཁོར་༡༠ལོན་པའི་རྟེན་འབྲེལ་མཛད་སྒོ་གཙོས་གྲོང་ཁྱེར་དུ་བསྡུས།
2019.08.01 ཁུངས། ཀློག་གྲངས། 124

སྤྱི་ཟླ་7པའི་ཚེས་29ཉིན། གཙོས་གྲོང་ཁྱེར་གངས་ནོར་གཡོས་སྦྱོར་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་བཙུགས་ནས་ལོ་འཁོར་10ལོན་པའི་རྟེན་འབྲེལ་མཛད་སྒོ་ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་དགེ་ལེགས་གསོལ་མགྲོན་ཁང་གི་བཞི་ཐོག་ནས་ཚོགས་པ་དང་། ཚོགས་ཐོག་ཏུ་ཀྲུང་གོ་གཡོས་སྦྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཱ་ཀྲི་ཧོ་དང་བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ཁང་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲོའུ་ལིས་ཆོན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོའུ་ཆང་། གཙོས་གྲོང་ཁྱེར་གངས་ནོར་གཡོས་སྦྱོར་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭའི་སློབ་གཙོ་དཀོན་ལོ་སོགས་གཙོ་བྱས་འབྲེལ་ཡོད་འགོ་ཁྲིད་དང་ས་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་བརྒྱ་ལྷག་གིས་གངས་ནོར་གཡོས་སྦྱོར་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་བཙུགས་ནས་ལོ་འཁོར་༡༠ལོན་པར་རྟེན་འབྲེལ་ཞུས་པ་དང་བོད་ཟས་གཡོས་སྦྱོར་གྱི་མ་འོངས་པའི་མདུན་ལམ་ཐད་ལ་བགྲོ་གླེང་བྱས།

གཙོས་གྲོང་ཁྱེར་གངས་ནོར་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་ནི་ཀན་ལྷོ་དགེ་འོས་སློབ་གྲྭའི་དམངས་དགེ་སྡེ་ཁག་གིས་2009ལོར་བསྒྲུབས་པའི་བོད་ཟས་གཡོས་སྦྱོར་འཛིན་གྲྭ་རྨང་གཞི་བྱས་ཤིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད་གསར་འཛུགས་བྱས་པའི་ནུས་རྩལ་གསོ་སྦྱོང་དང་། གསར་སྤེལ་ཞིབ་འཇུག བཟའ་བཏུང་ཁེ་ལས་བཅས་གཞི་གཅིག་ཏུ་གྱུར་པའི་རྣམ་པ་གསར་བའི་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་ཞིག་ཡིན་པ་དང་། སློབ་གྲྭ་འདིས་རྒྱུན་རིང་ཉམས་ཞིབ་དང་བཅོས་སྒྱུར་མང་པོ་བྱས་ཏེ། མཐར་རང་ལ་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་སྐྱོད་ཐུབ་པ་བྱུང་ནས། ཐོན་སྐྱེད་དང་སློབ་གཉེར་ཟུང་འབྲེལ། ཁེ་ལས་དང་སློབ་གྲྭ་མཉམ་སྒྲུབ་བྱེད་པའི་སློབ་སྒྲུབ་རྣམ་པ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ་རེད།

སློབ་གཉེར་མཇུག་རྫོགས་པའི་སློབ་མ་རྣམས་རང་འདོད་ལྟར་ལས་ཞུགས་བྱེད་པ་དང་ཁ་ཕྱོགས་གཏན་འཁེལ་ལྟར་ལས་ཞུགས་བྱེད་པ་ལས་གཞན། བཟའ་བཏུང་གཡོས་སྦྱོར་གྱི་བྱ་གཞག་གསར་གཏོད་པ་རྣམས་ལ་ཆེད་དུ་དམིགས་ནས་ཞབས་ཞུའི་སྡིངས་ཆ་ཚད་ལྡན་ཞིག་བཟོས་ཡོད་ལ། དེར་གཙོ་བོ་གཡོས་སྦྱོར་ནུས་རྩལ་གསོ་སྦྱོང་གཙོ་བྱས་ཞབས་ཞུ་སྣ་ཁ་བཅུ་ལྷག་གི་ནང་དོན་འདུས་ཡོད་པ་རེད།

སློབ་གྲྭ་འདིར་སློབ་མ་286དང་དགེ་བཟོ་བ་26ཡོད་དེ། ད་ལྟའི་བར་དུ་བོད་ཟས་གཡོས་སྦྱོར་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་ཐེངས་68བསྒྲུབས། བོད་ཟས་གཡོས་སྦྱོར་ལག་རྩལ་མི་སྣ་2000ལྷག་སྐྱེད་སྲིང་བྱས་ཤིང་། ནང་ལོགས་ཀྱི་གྲོང་ཁྱེར་ཆེ་ཁག་དག་ཏུ་ཕྱིན་ནས་གཡོས་སྦྱོར་ལས་རིགས་གཉེར་བཞིན་ཡོད་ལ། ལས་ཀ་བྱ་སའི་སྡེ་ཚན་དག་གིས་གདེང་འཇོག་བཟང་པོ་ཐོབ་དང་འཐོབ་མུས་ཡིན། དེ་དང་ཆབས་ཅིག་ཏུ་སློབ་གྲྭ་འདིས་ཧུར་བརྩོན་གྱིས་རྒྱལ་ཁབ་ཀྱི་དབུལ་ཐར་འགག་སྒྲོལ་དང་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ཁྲོད་དུ་མཉམ་ཞུགས་བྱས་ནས། རང་རྒྱལ་ནུབ་རྒྱུད་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བར་རང་ཚོད་ཀྱིས་བྱས་རྗེས་མི་དམན་པ་བཞག་དང་འཇོག་བཞིན་ཡོད་དོ།

ཚོགས་རའི་ཟུར་སོ་སོ།

ཚོགས་ཐོག་ཏུ་ཕེབས་པའི་འགོ་ཁྲིད་རྣམས་ཀྱིས་གཏམ་བཤད་སྤེལ་བཞིན་པ།

ཕྱོགས་སོ་སོའི་འཐུས་ཚབ་མི་སྣས་རྟེན་འབྲེལ་གྱི་ལེགས་སྐྱེས་འབུལ་བཞིན་པ།

སྐུ་མགྲོན་ཡོངས་ཀྱིས་སློབ་གྲྭའི་ལོ་རྒྱུས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

    ཐེངས་འདིའི་སྐབས་དགུ་བའི་ཏུན་ཧོང་འགྲུལ་བཞུད་དར་གོས་འགྲུལ་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་ནམ་མི་རིགས་གསོལ་ཟས་དུས་ཆེན་གྱི་འགྲན་སྡུར་སྟེང་གངས་ནོར་གཡོས་སྦྱོར་མི་རིགས་ལག་རྩལ་སློབ་གྲྭའི་ཟས་རིགས་སྣ་གསུམ་ལ་ཨང་དང་པོ་ཐོབ་པ།

                                                                             གསར་འགོད་པ། གནམ་སྐྱབས་རྒྱལ།