མགོ་ལོག་ས་གདན་དབུལ་སྐྱོར་འོས་འཚོང་ཚོགས་འདུ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་ནས་བསྡུས།
2019.08.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་བརྒྱད་པའི་ཚེས་དགུ་ཉིན། ཀྲུང་གོ་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་མགོ་ལོག་ས་གདན་དབུལ་སྐྱོར་འོས་འཚོང་ཚོགས་འདུ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་ནས་བསྡུས། ཉིན་དེར་བསྡོམས་པས་བརྩམས་ཆོས་ཆ་ཚང་བཅོ་ལྔའི་སྣ་དགུ་བཅུ་གོ་དགུ་འོས་འཚོང་བྱས།

ཉིས་སྟོང་ཉི་ཤུ་ལོར་ཐོན་ལས་རོགས་སྐྱོར་དང་སྤོ་སྒྱུར་ལས་ཞུགས་སོགས་བརྒྱུད་དེ་དབུལ་ཕོངས་མི་སྣ་དབུལ་ཕོངས་ལས་ཐར་བར་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཆེན་པོ་མངོན་འགྱུར་བྱེད་ཆེད། ཉིས་སྟོང་བཅོ་བརྒྱད་ལོར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་བོད་ཀྱི་ས་གདན་འགྲེམ་ཚོགས་བེད་སྤྱད་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་དང་རྨ་སྟོད། དགའ་བདེ་བཅས་རྫོང་གསུམ་བདམས་ནས། སོ་སོར་ཟླ་དྲུག་པ་དང་ཟླ་བཅུ་གཅིག་པའི་བར་དུ་དུས་ཡུན་ཟླ་གསུམ་རིང་གི་ཆེད་ལས་ལག་རྩལ་མི་སྣའི་གསོ་སྦྱོང་འཛིན་གྲྭ་སྐབས་དྲུག་ལ་བསྒྲུབས་པ་དང་། དབུལ་ཕོངས་འབྲོག་ཁྱིམ་གྱི་བྱིས་པ་ཉིས་བརྒྱ་ལྷག་གིས་གསོ་སྦྱོང་བརྒྱུད་ནས་ས་གདན་ལག་འཐག་གི་ལག་རྩལ་ཤེས་པར་གྱུར་པས། མགོ་ལོག་ཁུལ་གྱི་བོད་ཀྱི་ས་གདན་གཙོ་བྱས་པའི་འཁེལ་འཐག་ཐོན་ལས་དེ་རྒྱུན་འཛིན་དང་སྔོག་འདོན། དར་སྤེལ་བཅས་བྱེད་ཐུབ་པར་གྱུར།

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། འོས་འཚོང་བྱ་འགུལ་གྱི་དམིགས་ཡུལ་ནི་མགོ་ལོག་གི་ཁྱད་ལྡན་ཐོན་རྫས་དང་དབུལ་སྐྱོར་བྱ་བ་དྲིལ་སྒྲོག་བྱས་ཏེ། སྤྱི་ཚོགས་ལས་རིགས་སོ་སོས་ཐོན་ལས་དབུལ་སྐྱོར་བྱ་བར་སྔར་ལས་དོ་སྣང་བྱེད་དུ་འཇུག་རྒྱུ་དེ་ཡིན་ལ། འོས་འཚོང་ལས་ཐོབ་པའི་ཡོང་སྒོ་ཚང་མ་ལག་འཐག་ས་གདན་གྱི་ལག་རྩལ་གསོ་སྦྱོང་དང་ས་གདན་འཐག་མཁན་ལ་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།