ཀྲུང་གོ་བུད་མེད་དང་བྱིས་པའི་བདེ་སྲུང་མཐུན་ཚོགས་ཀྱི་གྲོས་བཏོན་མཛུབ་སྟོན་འོག་དང་། ཧི་ནན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གི་ཧུར་བརྩོན་འོག བདེ་ཐང་གིས་ཕན་ཚུན་ལག་རྡང་སྦྲེལ་ཞེས་པའི་ཧི་ནན་དང་མཚོ་སྔོན་གཉིས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་གནད་ཕིགས་ཁ་གཏད་རོགས་སྐྱོར་འགུལ་སྐྱོད་མཚོ་སྔོན་ཞིང་ཆེན་ནས་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་དང་། ཟླ་བརྒྱད་པའི་ཚེས་གསུམ་ཉིན། རོགས་སྐྱོར་མཉམ་འཛུགས་གྲོས་མཐུན་འགོད་པའི་མཛད་སྒོ་ཟི་ལིང་ནས་བསྡུས།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་གནད་ཕིགས་ཤུགས་འདོན་དང་ཕྱོགས་བསྡུས་ཇུས་བསྟར། གྲོང་ཁྱེར་དང་གྲོང་རྡལ། ཁུལ་ཁོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་བྱ་བའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་ནུས་པ་གཏན་འཇགས་སྒོས་མཐོར་འདེགས་སོང་བ་དང་། ནུས་ཡོད་སྒོས་བུད་མེད་དང་བྱིས་པའི་བདེ་ཐང་གནས་ཚུལ་ལེགས་བཅོས་བྱས་པར་མ་ཟད། བུད་མེད་དང་བྱིས་པའི་ཞབས་ཞུའི་སྤུས་ཚད་དང་ཕན་ནུས། མང་ཚོགས་ཀྱི་ཡིད་ཚིམས་ཚད་བཅས་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད། འོན་ཀྱང་། མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་མ་ལག་ཐད་མི་སྣ་མི་འདང་བ་དང་བྱེད་ནུས་ཆུང་བ། ཞབས་ཞུ་འཐུས་ཚང་མིན་པ་སོགས་ཀྱི་མི་འདང་ས་དང་ཉམས་ཞན་ས་མང་པོ་ཡོད། ཞིང་ཆེན་གཉིས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་གནད་ཕིགས་ཁ་གཏད་རོགས་སྐྱོར་འགུལ་སྐྱོད་ལག་བསྟར་བྱས་རྗེས། ཧི་ནན་ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་གཙོ་ཡིན་པའི་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་ལྔ་ཡིས་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་ལྔ་ལ་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཏེ་རིག་གཞུང་ཚན་ཁག་གི་དགེ་མཚན་དང་ཤེས་ལྡན་མི་སྣའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་བདེ་སྲུང་སྡེ་ཁག་གི་ལས་སྒོ་འཕེལ་རྒྱས་ཐད་ཀྱི་དགོས་མཁོ་བསྐང་རྒྱུ་ཡིན་པ་དང་། རྒྱང་བསྟེན་སྨན་བཅོས་དང་མི་སྣ་གསོ་སྦྱོང་། ཚན་ཞིབ་མཉམ་ལས་ལས་གཞི་སོགས་བྱེད་ཐབས་སྤྱད་དེ་བུད་མེད་དང་བྱིས་པའི་རོགས་སྐྱོར་བྱ་བ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་རོགས་སྐྱོར་ཐོབ་པའི་བུད་མེད་དང་བྱིས་པའི་བདེ་སྲུང་སྡེ་ཁག་གི་འབྲེལ་ཡོད་རིག་གཞུང་ཚན་ཁག་གི་ནུས་པ་དང་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བཏང་སྟེ་ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་བདེ་སྲུང་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།
གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་། ཧི་ནན་ཞིང་ཆེན་བུད་མེད་དང་བྱིས་པའི་མཐུན་ཚོགས་དང་ཧི་ནན་ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་། ཞིན་དབྱང་གྲོང་ཁྱེར་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་། ཀྲིན་ཀྲིག་གྲོང་ཁྱེར་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་། ཀྲིག་ཁུག་གྲོང་ཁྱེར་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་། ཕུའུ་དབྱང་གྲོང་ཁྱེར་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་བཅས་ཀྱིས་སོ་སོར་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་། མཚོ་ནུབ་ཁུལ་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་། ཏ་ཐུང་རྫོང་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་། ཧུའུ་ཀྲུའུ་རྫོང་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་། ཞོན་ཧྭ་རྫོང་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་བཅས་དང་མཉམ་ལས་གྲོས་མཐུན་བཀོད།