ད་ལོའི་ལོ་སྟོད་ཀྱི་ཚུན་ལ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་སྔ་མོ་ནས་གྲ་སྒྲིག་དང་སྔོན་ལ་འགུལ་སྐྱོད་སྤེལ་ཏེ་ལས་གཞི་བཟང་བོ་དང་ལས་གཞི་གལ་ཆེན་སྐོར་ཞིག་ལ་ཞིབ་འཇུག་འཆར་འགོད་བྱས་པ་དང་། ཞིང་ལས་ཞིང་སྡེ་པུའུ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཞིང་ཆེན་ནོར་སྲིད་སོགས་སྡེ་ཁག་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས། མིག་སྔའི་བར་བསྡོམས་པས་རིགས་སོ་སོའི་མ་དངུལ་སྒོར་ཐེར་འབུམ་བདུན་ལྷག་བརྩོན་ལེན་བྱས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉི་ཤུ་འཕར་ནས་ཞིང་ལས་ཞིང་སྡེ་བྱ་བ་གལ་ཆེན་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་ལ་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་མ་དངུལ་སྐོར་གཉིས་དང་ཞིང་ཆེན་ནོར་སྲིད་ཀྱི་ཆེད་དོན་མ་དངུལ་སྐོར་གཅིག་བཏང་སྟེ་བསྡོམས་པས་ཀྲུང་དབྱང་ནོར་སྲིད་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བཞི་དོན་འཁྱོལ་བྱས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སོ་དགུ་འཕར་ཡོད། ཞིང་ཆེན་ནོར་སྲིད་ཀྱི་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུས་ཕྱུར་གཉིས་ལྷག་དོན་འཁྱོལ་བྱས་པ་དང་། དུས་མཉམ་ལས་བརྒྱ་ཆའི་དོན་གཉིས་འཕར་ཏེ་ཞིང་ལས་རོགས་སྐྱོར་གྱི་མ་དངུལ་ཁྱབ་ཁོངས་རྒྱ་བསྐྱེད། དེའི་ཁྲོད་དུ། སྐོར་དང་པོའི་ཀྲུང་དབྱང་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་བརྒྱད་ལྷག་བཀོད་སྒྲིག་བྱས་ཏེ་གཙོ་བོ་ཞིང་ས་སྲུང་སྐྱོབ་དང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་སོགས་ཐད་ཀྱི་ཁ་གསབ་མ་དངུལ་དག་གཞིས་ཁུལ་དང་ཁྱིམ་ཚང་ལ་སྟེར་བར་འགན་སྲུང་བྱས་པ་དང་། ཆུ་གྲོན་ཆུང་བྱེད་པ་དང་འབྲུ་རིགས་གཟན་རྩྭར་བསྒྱུར་བ། གསར་དར་ལས་རིགས་ཀྱི་རོང་འབྲོག་ལག་རྩལ་མི་སྣ་གསོ་སྦྱོང་སོགས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་མ་དངུལ་དོན་འཁྱོལ་བྱས་པར་མ་ཟད། ཁྱིམ་ཚང་གི་ཕྱུགས་ར་དང་མཉམ་ལས་ཁང་། ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་ཚོགས་པ། ཐོན་སྐྱེད་རང་བཞིན་གྱི་སྤྱི་ཚོགས་ཞབས་ཞུའི་མ་ལག་སོགས་ཐད་ཀྱི་ཁ་གསབ་རོགས་སྐྱོར་མ་དངུལ་དག་ཐོན་སྐྱེད་བདག་གཉེར་གཙོ་གཞི་རུ་དོན་འཁྱོལ་བྱས་ཏེ་དཔྱིད་དུས་དང་དབྱར་དུས་གཉིས་ཀྱི་ཞིང་ཕྱུགས་ལས་རིགས་ཐོན་སྐྱེད་ལ་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱས།
སྐོར་གཉིས་པའི་ཀྲུང་དབྱང་ནོར་སྲིད་མ་དངུལ་མིག་སྔར་དོན་འཁྱོལ་བྱས་ཡོད་པ་དང་། བསྡོམས་པས་ཀྲུང་དབྱང་ནོར་སྲིད་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དྲུག་ལྷག་བཏང་སྟེ་གཙོ་བོ་རོང་འབྲོག་མང་ཚོགས་ཀྱི་རོགས་སྐྱོར་བྱ་དགའི་མ་དངུལ་དང་ཞིང་ཆེན་ཞིང་ལས་ཉེན་ཚབས་ཀུང་ཟིའི་ཉེན་ཚབས་རོགས་སྐྱོར་མ་དངུལ་ཁྱིམ་ཚང་སོ་སོར་སྟེར་བར་འགན་སྲུང་བྱས་པ་དང་། ཚན་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་སྐུལ་འདེད་དང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཐོན་ལས་སྟོབས་ལྡན་གྲོང་རྡལ་དཔེ་སྟོན་དང་ཚོང་རྟགས་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞིའི་མ་དངུལ་འདི་དག་གིས་གཙོ་བོ་ཞིང་སྡེ་དར་རྒྱས་དཔེ་སྟོན་ཁུལ་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་པ། ཁང་རྙིང་བསྒྱུར་བཀོད་བྱེད་པ། སློབ་ཆེན་སློབ་མའི་ལས་སྐྲུན་བྱེད་པ། ཞིང་ས་སྲུང་སྐྱོབ་བྱེད་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།