མཚོ་ལྷོ་དག་པའི་ཞིང་ཡིན། མཇལ་འཛོམས་ལས་ཀྱི་རྒྱན་ཡིན།
2019.08.21 ཁུངས། ཀློག་གྲངས། 506

མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ངག་ལ་གྱེར་ནས། རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་ཡིད་ལ་བཅངས་པ་ཞེས་པའི2019ལོའི་ཀྲུང་གོའི་མི་རིགས་གྲངས་ཉུང་བའི་མཛའ་གཞས་བོད་སྐད་སྲོལ་རྒྱུན་ལེན་སྟངས་འགྲེམ་སྟོན་བྱ་འགུལ།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)སྤྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ནས་ཚེས་ཉེར་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་རིག་གནས་ལྗོངས་རྒྱུ་ཐིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།  མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།     མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས།   མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གུང་གུང་ཧོ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་།  མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས།  མཚོ་སྔོན་ཞིང་ཆེན་གླུ་བའི་མཐུན་ཚོགས།  མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་གུང་ཧོ་རྫོང་གི་༼མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ངག་ལ་གྱེར་ནས། རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་ཡིད་ལ་བཅངས་པ༽ཞེས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་མཛའ་གཞས༼བོད་ཀྱི་གདོད་མའི་ལེན་སྟངས༽ཀྱི་བྱ་འགུལ་སྤེལ།

ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་རླབས་ཆེན་མེས་རྒྱལ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། སྣ་མང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྲུང་སྐྱོང་བྱས་ཏེ།  དམངས་ཁྲོད་ཀྱི་རོལ་དབྱངས་སྒྱུ་རྩལ་དར་སྤེལ་དུ་གཏོང་བ་དང་། གུང་ཧོ་རྫོང་གི༼ཀྲུང་གོའི་བོད་རིགས་མཛས་གཞས་ཀྱི་ཕ་ས༽ཞེས་པའི་མཚན་སྙན་རྒྱ་ཆེར་གཏོང་ཆེད། 2019ལོའི་ཟླ8པའི་ཚེས20ནས་ཟླ8པའི་ཚེས21ཉིན་བར་མཚོ་ལྷོ་ཁུལ་ལུས་རྩལ་ཐང་དུ༼མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ངག་ལ་གྱེར་ནས། རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་ཡིད་ལ་བཅངས༽ཞེས་པའི2019ལོའི་ཀྲུང་གོའི་མི་རིགས་གྲངས་ཉུང་བའི་མཛའ་གཞས་བོད་སྐད་སྲོལ་རྒྱུན་ལེན་སྟངས་འགྲེམ་སྟོན་བྱ་འགུལ་དེ་ཆབ་ཆའི་བདེ་སྐྱིད་ཐང་ནས་གཟབ་རྒྱས་ངང་འཚོགས།

འདས་སོང་གི་ལོ་ངོ་བདུན་ཅུར་ཕྱིར་ལྟ་ཐེངས་ཤིག་བྱས་ཚེ།    མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ན།  རིགས་སོའི་མི་དམངས་ཀྱིས་ཏང་གི་ཡང་དག་པའི་མགོ་ཁྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་དཀའ་སྤྱད་འབད་འཐབ་དང་སྤོབས་པ་ཆེར་བསྐྱེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་སྟེང་། མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་དབྱངས་སུ་གྱེར་བཞིན་རླབས་ཆེན་མེས་རྒྱལ་གྱི་དྲིན་ལན་སེམས་ཁོང་དུ་ཉར་ནས་དུས་རབས་གསར་བའི་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཁར་སྐྱོད་བཞིན་ཡོད་ལ། དེ་ནི་ངེས་པ་དོན་གྱི་མཚར་སྡུག་གི་འགྲུལ་བཞུད་རིང་མོ་ཞིག་ཀྱང་རེད།

ཐེངས་འདིའི་བྱ་འགུལ་སྟེང་མཚོ་ལྷོ་ཁུལ་གྱི་རྫོང་ཁག་ལྔའི་གླུ་བ་གླུ་བ་རྣམས་དང་འཁྲབ་སྟོན་པ་རྣམས་གཙོ་བྱས། རྒྱལ་ཡོངས་ལྗོངས་ཞིང་ལྔའི༼བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན༽གླུ་བ་གླུ་མ་དག་གདན་འདྲེན་བྱས་ཡོད་ལ།  ཡུལ་སྐད་ཆེན་པོ་གསུམ་ཚན་ཁག་རེ་རེར་བགར་ནས་འགྲན་སྡུར་བྱས་པ་ཡིན། ཁོང་ཚོས་མཉམ་གཅིག་ཏུ2019ལོའི་ཀྲུང་གོའི་མི་རིགས་གྲངས་ཉུང་བའི་མཛའ་གཞས་བོད་སྐད་སྲོལ་རྒྱུན་ལེན་སྟངས་འགྲེམ་སྟོན་བྱ་འགུལ་ཆེན་མོ་འདིའི་གར་སྟེགས་བརྒྱུད་ནས་ལྟ་མཁན་ཁྲི་མ་འབུམ་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་ཆེན་པོ་དང་ནང་དོན་ཕུན་སུམ་ཚོགས་པའི་བོད་ཀྱི་གདོད་མའི་ལེན་སྟངས་འདིས་རོང་འབྲོག་མང་ཚོགས་རྣམས་ཀྱི་ཡིད་ཀྱི་དང་བ་ཅིག་ཅར་དུ་དྲངས་པ་མ་ཟད།  རྒྱ་ཆེའི་མང་ཚོགས་རྣམས་ལ་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཀྱང་བསྩལ་བ་རེད།

དུས་ཆེན་གྱི་ཉིན་གཉིས་ནང་ས་ཆ་སོ་སོ་ནས་འོངས་པའི་གཞོན་ནུ་ཕོ་མོ་རྣམས་ཀྱིས་ཀྱང་རང་རང་གི་དགའ་ཁ་མཐུན་ཕྱོགས་ཀྱིས་སྐོར་དང་སྐོར་བྱས་ནས་ཕན་ཚུན་ལ་མཛའ་གཞས་ལེན་པ་དང་སྙིང་གཏམ་བརྗོད་པ་སོགས་དགའ་བའི་དཔལ་ལ་རོལ་བ་རེད།

མཛའ་གཞས་ནི་གནའ་སྔ་མོ་ནས་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་བའི་ངག་ཐོག་རྩོམ་རིག་གམ་ཡང་ན་ཆེས་ཐོག་མའི་སྙན་ངག་གི་འབྱུང་ཁུངས་ལྟ་བུ་ཡིན་ལ།  ཨ་མདོའི་ས་ཆར་དར་ཁྱབ་ཤིན་ཏུ་ཆེ་བའི་མཛའ་གཞས་ནི་གཞོན་ནུ་ཕོ་མོ་ཟུང་གིས་རང་གི་ནང་སེམས་ཀྱི་བརྩེ་དུང་དང་དགའ་སྐྱོ་ཆགས་སྡང་ཚིག་གི་ཕྲེང་བར་བརྒྱུས་ནས་གཙོ་བོ་ངག་གི་དབྱངས་རྟ་ལ་དྲངས་ནས་དྲི་བ་དྲིས་ལན་གྱི་ཚུལ་ལམ།  ཡང་ན་དཔེ་དང་དཔེ་ཅན་གྱི་ཚུལ་གྱིས་ཁ་གསལ་ཞིང་གོ་བདེ་བའི་ལམ་ནས་ཕ་རོལ་བའི་སྙན་ལམ་དུ་འཇོག་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད།

སྤྱིར་ངག་ཐོག་གི་རིག་གནས་འདི་ལ་ལེགས་ཉེས་བླང་དོར་དང་དགེ་སྐྱོན་གྱི་ཆ་ནི་འཇོག་དཀའ་ཡང་། འོན་ཀྱང་དམངས་ཁྲོད་ཀྱི་ངག་ཐོག་རིག་གནས་འདིས་མི་རྣམས་ཀྱི་གནས་སྐབས་ཀྱི་དགོས་མཁོ་བསྐོང་བ་ཙམ་མ་ཡིན་པར་འདི་ལ་ཧ་ཅང་དགའ་ཞེན་ཆེ་བའི་གླུ་བ་གླུ་མ་རྣམས་ལ་སྐུལ་ལྕག་དང་། དེ་མིན་ཉན་མཁན་དང་ལྟ་མཁན་རྣམས་ལའང་ངག་ཐོག་གི་རིག་གནས་འདིའི་གལ་ཆེན་རང་བཞིན་ཤེས་སུ་བཅུག་ནས་འཛིན་སྐྱོང་སྤེལ་གསུམ་བྱ་ཆེད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཀྱང་དམངས་ཁྲོད་རིག་གནས་འདིས་མི་རྣམས་ལ་བཞག་པའི་བག་ཆགས་ཟབ་མོ་དང་རིན་ཐང་ཆེན་པོ་དེར་དམིགས་ནས་རང་ས་གནས་ཙམ་མ་ཡིན་པར་རྒྱལ་ཡོངས་ལྗོངས་ཞིང་ལྔར༼བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན༽

ཁ་ཕྱོགས་ཏེ་གླུ་བ་གླུ་མ་དྲུག་ཅུ་ལྷག་ཕྱོགས་གཅིག་ཏུ་བསྡུས་ནས་མཚོ་ལྷོའི་རིག་གནས་སྒྱུ་རྩལ་དུས་སྟོན་དང་སྦྲགས་ནས་མཛའ་གཞས་འགྲན་ཚོགས་ལ་སྔར་ལས་ལྷག་པའི་སྟོབས་ཤུགས་དང་ཡིད་ཆེས་བསྩལ་པ་མ་ཟད། མ་འོངས་པའི་རྒྱུན་འཛིན་དང་དར་སྤེལ་ཐད་ལའང་རེ་བ་ཆེན་པོ་བསྐྱལ་འོངས་པ་རེད།

ཀྲུང་གོའི་མི་རིགས་གྲངས་ཉུང་བའི་མཛའ་གཞས་བོད་སྐད་སྲོལ་རྒྱུན་ལེན་སྟངས་འདི་ལྟ་བུའི་རིག་གནས་ཀྱི་བྱ་འགུལ་མང་པོ་སྤེལ་བ་བརྒྱུད་ནས་ཕ་ཡུལ་མཚོ་ལྷོ་ས་ཆ་འདི་རིག་གནས་སྒྱུ་རྩལ་གྱི་གཤིན་ས་བཟང་བོ་ཞིག་ཏུ་འགྱུར་བར་རྨང་གཞི་བརྟན་པོ་བཏང་ནས་འཆམ་མཐུན་མཚོ་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་ཡིད་ཆེས་དང་སྤོབས་པ་ཆེན་པོས་ཁེངས་ཡོད་དོ།།