མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པ་ཕྱིར་གཏོང་བའི་ཆེད་དོན་མི་བསྡུ་གྲོས་ཚོགས་བསྡུས།
2019.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་ཀྱིས་དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་གཏོང་བ། དབུལ་ཕོངས་ཁྱིམ་ཚང་མྱུར་དུ་དབུལ་ཐར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་བཅས་ནས་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པ་ཕྱིར་གཏོང་བ་སྐུལ་འདེད་གཏོང་བའི་ཆེད་དོན་མི་བསྡུ་གྲོས་ཚོགས་བསྡུས།

མི་བསྡུ་གྲོས་ཚོགས་ཐེངས་དང་པོ་ཟླ་དགུ་བའི་ཚེས་བཞི་ཉིན་གུང་ཧོ་རྫོང་མཚོ་སྔོན་པོའི་ཐང་ཆེན་ནས་བསྡུས་པ་དང་། མི་བསྡུ་གྲོས་ཚོགས་ཡུལ་དངོས་སུ་མི་ཉིས་བརྒྱ་དང་སོ་དྲུག་གིས་ལས་ཞུགས་གྲོས་མཐུན་བཀོད། བྱ་འགུལ་ཁྲོད། རྨ་ལྷོ་ཁུལ་དུ་ས་གནས་ཀྱི་ཁེ་ལས་ཆེ་རིགས་ཅུང་ཉུང་བ་དང་ལས་ཞུགས་ལས་རྐང་མི་འདང་བའི་དཀའ་ཁག་དངོས་ལ་ཁ་གཏད་དེ། ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཟི་ལིང་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་མཐུན་ཚོགས་ཀྱིས་བརྗེ་རེས་དང་སྦྲེལ་མཐུད་དམ་ཟབ་བྱས་ནས། བསྡོམས་པས་ཟི་ལིང་གྲོང་ཁྱེར་གྱི་བདག་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་ཉེར་གསུམ་དང་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར། དབྱང་ཀྲིག་གྲོང་ཁྱེར་དང་མཚོ་ལྷོ་ཁུལ་སོགས་ས་ཁུལ་གྱི་ཁེ་ལས་ཞེ་གཉིས་གཅིག་བསྡུས་བྱས་པ་དང་། ཡུལ་དངོས་ནས་ལས་ཞུགས་ལས་རྐང་ཁྲི་གཅིག་ལྷག་འདོན་སྤྲོད་བྱས།

མི་བསྡུ་གྲོས་ཚོགས་ཐེངས་གཉིས་པ་ཐུན་རིན་རྫོང་རེབ་གོང་ཐང་ཆེན་དུ་བསྡུས་ནས། ཁེ་ལས་ལྔ་བཅུ་ལྷག་གིས་ལས་ཞུགས་ལས་རྐང་སྟོང་གཅིག་ལྷག་འདོན་སྤྲོད་བྱས། རྨ་ལྷོ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ཡུལ་དངོས་ནས་ཆེད་དོན་བློ་འདྲི་བྱེད་ས་བཙུགས་ནས། བློ་འདྲི་བ་རྣམས་ལ་སྲིད་ཇུས་བློ་འདྲི་ལན་འདེབས་དང་ལས་ཞུགས་ལས་སྐྲུན་མཛུབ་སྟོན། ལས་རིགས་མཛུབ་སྟོན། ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཕྱོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།

མི་བསྡུ་གྲོས་ཚོགས་ཐེངས་གསུམ་པ་ཟླ་དགུ་བའི་ཚེས་བཅུ་ཉིན་ཡུས་ཧྲུའུ་གྲོང་ཁྱེར་ཁམས་པ་སྒྱུ་རྩལ་ལྟེ་གནས་ཐང་ཆེན་དུ་བསྡུས་པ་དང་། བསྡོམས་པས་ཁེ་ལས་ཞེ་གསུམ་མི་བསྡུ་གྲོས་ཚོགས་ལ་ཞུགས་ནས། ཡུས་ཧྲུའུ་ཁུལ་ལ་ལས་ཞུགས་ལས་རྐང་སྟོང་གཅིག་ཙམ་འདོན་སྤྲོད་བྱས།