མཚོ་སྔོན་ཞིང་ཆེན་གྱིས་གཞི་རྩའི་སྨན་བཅོས་འགན་སྲུང་དང་བྱིས་པའི་ཁྲག་རིལ་དཀར་པོའི་ནད་མཉམ་བསྲེས་ཀྱི་ཆེད་དོན་རོགས་སྐྱོབ་འགུལ་སྐྱོད་སྤེལ།
2019.09.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 36

མཚོ་སྔོན་ཞིང་ཆེན་གྱི་བྱིས་པའི་ཁྲག་རིལ་དཀར་པོའི་ནད་ཀྱི་སྨན་བཅོས་འགན་སྲུང་བྱ་བ་གཟབ་ནན་གྱིས་བཟང་བོར་བསྒྲུབ་སྟེ་སྔར་ལས་ལྷག་པའི་སྒོ་ནས་ནད་ཕོག་ཡོད་པའི་བྱིས་པའི་ཁྱིམ་ཚང་གི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏོང་ཆེད།   ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བའི་ཚེས་དགུ་ནས་ཉིས་སྟོང་ཉེར་བཞི་ལོའི་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་བར།  ཞིང་ཆེན་ཡོངས་སུ་གཞི་རྩའི་སྨན་བཅོས་འགན་སྲུང་དང་བྱིས་པའི་ཁྲག་རིལ་དཀར་བོའི་ནད་མཉམ་བསྲེས་བྱེད་པའི་ཆེད་དོན་རོགས་སྐྱོབ་འགུལ་སྐྱོད་སྤེལ་ནས་བྱིས་པའི་ཁྲག་རིལ་དཀར་པོའི་ནད་ལ་རིན་མེད་པར་སྨན་བཅོས་བྱེད་པ་དང་།   ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བའི་གནད་དོན་འབྱུང་བར་སྔོན་འགོག་བྱེད་རྒྱུ་རེད།

ཆེད་དོན་རོགས་སྐྱོབ་འགུལ་སྐྱོད་ཀྱི་གཏན་ཁེལ་ལྟར་ན།   རོགས་སྐྱོར་བྱེད་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོ་ཡོད་པའི་ལོ་བཅུ་བཞིའི་མན་དང་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་ཡོད་པའི་ཁྲག་རིལ་དཀར་པོའི་ནད་པ་དང་། སྨན་ཁང་ནང་སྡོད་སྐབས་ཀྱི་ལོ་ཚོད་ནི་ཁྲག་རིལ་དཀར་པོ་བྱུང་ཡོད་པའི་བྱིས་པའི་ཆེད་དོན་རོགས་སྐྱོར་ཁྱབ་ཁོངས་ཁྲོད་ཡོད་པའི་བྱིས་པ་ཡིན་ལ།   གནས་གཏན་ཁེལ་གྱི་རོགས་སྐྱོར་སྨན་བཅོས་སྡེ་ཁག་ནི་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་རེད།

རྒྱུས་ལོན་བྱུང་བ་ལྟར་ན།   བྱིས་པའི་ཁྲག་རིལ་དཀར་པོའི་སྨན་རིན་དེ་གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ཚབས་ཆེན་གྱི་སྨན་བཅོས་འགན་སྲུང་།   སྨན་བཅོས་རོགས་སྐྱོབ།   སྤྱི་ཕན་ཁ་གསབ་འགན་སྲུང་།   ཐེབས་རྩའི་རོགས་སྐྱོར་བཅས་ཕྱོགས་ལྔ་གཞི་གཅིག་གི་འགན་སྲུང་བརྒྱུད་རྗེས་གཞི་རྩའི་སྟེང་རིན་མེད་པར་སྨན་བཅོས་བྱེད་པ་མངོན་འགྱུར་བྱེད་རྒྱུ་རེད།