ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་སྣུམ་སྣོན་ས་ཚིགས་དང་པོ་དེ་མི་འགྱངས་བར་ལས་འགོ་རྩོམ་རྒྱུ་རེད། ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་ཞང་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་དབུལ་སྐྱོར་སྣུམ་སྣོན་ས་ཚིགས་དང་པོ་དེ་མི་འགྱངས་བར་ཞོན་ཧྭ་རྫོང་ཀ་རིང་ཞང་ནས་ལས་འགོ་རྩོམ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་པ་ལྟར་ན་སང་ལོའི་ལོ་སྟོད་ལ་ལས་གཉེར་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཀ་རིང་ཞང་དེ་ཐག་རིང་ལུང་ཁུག་ཏུ་གནས་པས་སྣུམ་སྣོན་ས་ཚིགས་ལ་ཐག་རིང་བ་དང་སྣུམ་སྣོན་དཀའ་བ། སྣུམ་སྣོན་མ་རྩ་མཐོ་བ་བཅས་ཀྱི་དོན་དངོས་དཀའ་ཁག་ལ་གཞིགས་ཏེ། ཞང་ཡོངས་ཀྱིས་དབུལ་ཕོངས་མིན་པའི་སྡེ་བ་དྲུག་གི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་མ་དངུལ་སྒོར་ས་ཡ་དྲུག་ཕྱོགས་བསྡུས་བྱས་ནས་ཀ་རིང་གྲོང་རྡལ་དུ་ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དབུལ་སྐྱོར་སྣུམ་སྣོན་ས་ཚིགས་འཛུགས་སྐྲུན་བྱེད་རྒྱུ་རེད། ལས་གཞི་འདི་ནི་སྡེ་བ་རིམ་པར་ཐུན་མོང་དཔལ་འབྱོར་མེད་པའི་གནས་བབ་བསྒྱུར་བའི་དབུལ་སྐྱོར་ལས་གཞི་ཡིན་ལ། ལེགས་འགྲུབ་བྱུང་རྗེས་ལོ་རེར་ཐུན་མོང་དང་དབུལ་ཕོངས་ཁྱིམ་ཚང་ལ་སྐུལ་ཁྲིད་བྱས་ཏེ་ཆ་སྙོམས་ཀྱིས་སྒོར་འབུམ་བཞི་དང་ཁྲི་བརྒྱད་ལྷག་གི་ཡོང་སྒོ་འཕར་སྣོན་འབྱུང་དུ་འཇུག་ཐུབ་པར་མ་ཟད། ཀ་རིང་ཞང་གི་ལོ་རྒྱུས་སྟེང་རླངས་འཁོར་སྣུམ་སྣོན་ཞབས་ཞུའི་སྒྲིག་ཆས་ནུས་པ་མེད་པའི་ཚོང་རའི་དགོས་མཁོ་བསྐང་ཐུབ་ཅིང་། ལམ་བརྒྱུད་སྣུམ་སྣོན་ཞབས་ཞུའི་ལྟེ་གནས་སུ་འགྱུར་རྒྱུ་རེད།
ལས་གཞི་འདིའི་འཛུགས་སྐྲུན་དུས་ཡུན་ཐུང་བ་དང་དཔལ་འབྱོར་ཕན་འབྲས་མགྱོགས་ཤིང་། ལས་གཞི་འདི་ལག་བསྟར་བྱས་པ་བརྒྱུད་ནས་ཕན་ཡོད་སྒོས་ཞིང་ལས་རྒྱུ་ཆའི་མ་རྩ་ཇེ་དམའ་རུ་གཏོང་ཐུབ་པ་དང་དབུལ་ཕོངས་ཁྱིམ་ཚང་ལས་ཞུགས་དབུལ་ཐར་བྱེད་པར་རོགས་འདེགས་བྱེད་ཐུབ་པར་མ་ཟད། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཐུབ་པས། ཀ་རིང་ཞང་གི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོད་བའི་ཐད་དོན་སྙིང་གལ་ཆེན་ལྡན།
ཀ་རིང་ཞང་གི་ཞང་གཙོ་ཚེ་བརྟན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཀ་རིང་ཞང་གི་རང་བྱུང་བཀོད་པར་ཐུན་མིན་གྱི་ཁྱད་ཆོས་ལྡན་ལ། དབྱར་དུས་སུ་ཕྱི་ཡོང་གི་མགྲོན་པོ་ཇེ་མང་དུ་སོང་བ་དང་བསྟུན་ནས། ཀ་རིང་ཞང་བརྒྱུད་ནས་འགྲོ་བའི་རླངས་འཁོར་ཡང་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད་པས། སྣུམ་སྣོན་ས་ཚིགས་བཙུགས་ན་ལམ་རྒྱུད་ཀྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་ཚོང་གཉེར་དང་། ས་གནས་ཁྱད་ལྡན་ཐོན་རྫས་ཀྱི་ཕྱིར་འཚོང་ཡོང་སྒོ་སྤར་བར་སྐུལ་ཁྲིད་བྱེད་ཐུབ་ལ། སྣུམ་སྣོན་ས་ཚིགས་ཀྱི་དབུལ་སྐྱོར་ཕྱུག་སྒྱུར་ཐད་ལ་ཡང་ཚོང་ལས་ཀྱི་གོ་སྐབས་གསར་པ་འདོན་སྤྲོད་བྱེད་ཐུབ་ཟེར།