མཚོ་སྔོན་ཞིང་ཆེན་གྱིས་གསར་དར་ལས་རིགས་ཀྱི་ཞིང་བའི་གསོ་སྦྱོང་རྟེན་གཞི་གྱ་གཉིས་འཛུགས་སྐྲུན་བྱས།
2019.09.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཉེ་ལམ།    ཞིང་ལས་ཞིང་སྡེ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་སྐོར་གཉིས་པའི་རྒྱལ་ཡོངས་གསར་དར་ལས་རིགས་ཀྱི་ཞིང་བའི་གསོ་སྦྱོང་དཔེ་སྟོན་རྟེན་གཞི་མིང་ཐོའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དབྱི་ལིས་ཞིང་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ཞིང་ལས་དཔེ་སྟོན་ཁུལ་གཉིས་ཚུད་ཡོད།   ད་ལྟའི་བར་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་གསར་དར་ལས་རིགས་ཀྱི་ཞིང་བའི་གསོ་སྦྱོང་དཔེ་སྟོན་རྟེན་གཞི་གྱ་གཉིས་འཛུགས་སྐྲུན་བྱས་ཡོད།

ཉེ་བའི་ལོ་འགའི་རིང་ལ།  མཚོ་སྔོན་ཞིང་ཆེན་གྱི་གསར་དར་ལས་རིགས་ཀྱི་ཞིང་བའི་གསོ་སྦྱོང་རྟེན་གཞི་ཡིས་རོང་འབྲོང་མང་ཚོགས་གཙོར་བཟུང་བ་དང་།  ཞིང་ས་སློབ་ཁང་ལྟ་བུར་བྱས་ཏེ་རོང་འབྲོག་མང་ཚོགས་དང་ཞིང་ཕྱུགས་ལས་རིགས་ཐད་ལ་མཁོ་བའི་དེང་རབས་གསོ་སྦྱོང་རྣམ་པ་སྤྱད་ནས་རོང་འབྲོག་མང་ཚོགས་དང་ལག་རྩལ།  ཁྲོམ་ར།  ཆ་འཕྲིན་བཅས་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་བཏང་བ་དང་།    ལག་རྩལ་གསར་པ་དང་ཐོན་རྫས་གསར་པ།   བདག་གཉེར་འདུ་ཤེས་གསར་པ་བཅས་མཚོན་པའི་སྟེགས་བུ་འདོན་སྤྲོད་བྱས་པས།  དེ་ནི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱེད་པའི་འབྲེལ་ཐག་ལྟ་བུ་ཡིན་པ་དང་།    ཤེས་ལྡན་མི་སྣའི་དཔེ་སྟོན་སྣེ་ཁྲིད་དང་ལག་རྩལ་གསོ་སྦྱོང་ཁྱབ་གདལ་སོགས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་ཀྱིན་ཡོད།    རྒྱུས་ལོན་བྱུང་བ་ལྟར་ན།   མིག་སྔའི་མཚོ་སྔོན་ཞིང་ཆེན་གྱི་གསར་དར་ལས་རིགས་ཀྱི་ཞིང་བའི་གསོ་སྦྱོང་དཔེ་སྟོན་རྟེན་གཞི་གྱ་གཉིས་ཁྲོད་དུ་རྒྱལ་ཁབ་རིམ་པའི་དཔེ་སྟོན་རྟེན་གཞི་བཞི་དང་ཞིང་ཆེན་རིམ་པའི་དཔེ་སྟོན་རྟེན་གཞི་བཅུ་ཡོད་པ་དང་།  རྟེན་གཞི་འདི་དག་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་བདུན་དང་རྫོང་ཉེར་གསུམ་དུ་ཁེབས་ཡོད་པ་དང་།  བསྡོམས་པས་གསར་དར་ལས་རིགས་ཀྱི་ཞིང་བ་ཁྲི་ལྔ་ལྷག་ལ་གསོ་སྦྱོང་བྱས་པ་རེད།