མཚོ་སྔོན་ཞིང་ཆེན་གྱིས་རྒན་གསོ་བདག་སྐྱོང་མི་སྣའི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་དང་པོ་སྤེལ།
2019.09.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན།   ཞིང་ཆེན་དམངས་སྲིད་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་ཞིང་ཆེན་རྒན་གསོ་ཞབས་ཞུ་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་ཤིང་།    མཚོ་སྔོན་ཧིན་ཧྲིན་རྒན་པའི་ལྟ་སྐྱོང་ཞབས་ཞུ་ལྟེ་གནས་དང་མཚོ་སྔོན་ཕྱུགས་སྨན་ལས་རིགས་ལག་རྩལ་སློབ་གླིང་གཉིས་ཀྱིས་རོགས་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དགུ་ལོའི་རྒན་གསོ་བདག་སྐྱོང་མི་སྣའི་ལས་རིགས་རྩལ་ནུས་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ།

འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་ཐོག་དང་པོར་སྤེལ་བའི་ཕྱོགས་བསྡུས་རང་བཞིན་གྱི་རྒན་གསོ་བདག་སྐྱོང་མི་སྣའི་ལས་རིགས་རྩལ་ནུས་འགྲན་སྡུར་ཡིན་པ་དང་།    གྲོང་ཁྱེར་དང་ཁུལ་བརྒྱད་ནས་ཡོང་བའི་འགྲན་ཞུགས་རུ་ཁག་བཅུ་གཉིས་ཀྱི་རྒན་གསོ་བདག་སྐྱོང་མི་སྣ་ཞེ་གསུམ་འགྲན་སྡུར་ལ་ཞུགས།   ཉིན་གཉིས་ཀྱི་འགྲན་སྡུར་བརྒྱུད་དེ་ཟི་ལིང་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་ལ་ཐུན་མོང་ཚོགས་པའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་།  ཟི་ལིང་གྲོང་ཁྱེར་མཚོ་སྔོན་ཧིན་ཧྲིན་རྒན་པའི་ལྟ་སྐྱོང་ཞབས་ཞུ་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གྱི་འཆམ་མཐུན་རྒན་གསོ་ཁང་གཉིས་ལ་ཐུན་མོང་ཚོགས་པའི་བྱ་དགའ་ཨང་གཉིས་པ་ཐོབ།     མཚོ་ཤར་གྲོང་ཁྱེར་ཕན་བདེ་ཁང་དང་མཚོ་བྱང་ཁུལ་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ལྟེ་གནས།  མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་ཧའེ་ཁང་རྒན་གསོ་ཞབས་ཞུ་ལྟེ་གནས་བཅས་ལ་ཐུན་མོང་གི་བྱ་དགའ་ཨང་གསུམ་པ་ཐོབ།   མཚོ་སྔོན་ཕྱུགས་སྨན་ལས་རིགས་ལག་རྩལ་སློབ་གླིང་གི་དཔེ་སྟོན་རུ་ཁག་ལ་དམིགས་བསལ་བྱས་རྗེས་ཅན་གྱི་བྱ་དགའ་ཐོབ།   སྒེར་གྱི་བྱ་དགའ་ཐོབ་པའི་མི་བཅུ་ཡོད་པ་དང་།  དེའི་ནང་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས།  ཨང་གསུམ་པ་གསུམ།  ཕུལ་བྱུང་བྱ་དགའ་བཞི་བཅས་ཡོད།    འགྲན་སྡུར་ཁྲོད་ཀྱི་གྲུབ་འབྲས་བཟང་བོའི་འགྲན་ཞུགས་པ་དག་གིས་མཚོ་སྔོན་གྱི་ཚབ་བྱས་ཏེ་ད་ལོའི་ཟླ་བཅུ་བར་སྤེལ་རྒྱུ་ཡིན་པའི་རྒྱལ་ཡོངས་རྒན་གསོ་བདག་སྐྱོང་མི་སྣའི་ལས་རིགས་རྩལ་ནུས་འགྲན་སྡུར་ལ་ཞུགས་རྒྱུ་རེད།