ཉེ་བའི་ལོ་འདི་དག་གི་རིང་། མཚོ་སྔོན་གྱི་དངུལ་རྩའི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། དངུལ་རྩའི་ལས་རིགས་འདི་ཉིད་མཚོ་སྔོན་གྱི་ཐོན་ལས་གདུང་འདེགས་གསར་བ་ཞིག་ཏུ་གྱུར་ཏེ། དངུལ་རྩའི་ཁྲོམ་ར་ཡི་གཞི་ཁྱོན་སྔར་ལས་ཇེ་ཆེར་སོང་། ཞིང་ཆེན་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཁོ་འདོན་བྱས་པའི་གཞི་འཛིན་གྲངས་ཀ་ལྟར་ན། མཚོ་སྔོན་གྱི་དངུལ་རྩའི་ལས་ཁུངས་ཁག་གི་བཅོལ་དངུལ་དང་བསྐྱིས་དངུལ་ལྷག་གྲངས་ཁག་སོ་སོར་སྒོར་ཁྲག་ཁྲིག་དྲུག་དང་ཐེར་ཆེན་གཉིས་ཐེར་འབུམ་གཅིག་དུང་ཕྱུར་དྲུག་ལྷག་དང་། སྒོར་ཁྲག་ཁྲིག་དྲུག་དང་ཐེར་ཆེན་བདུན་དུང་ཕྱུར་གཉིས་ལྷག་ལས་བརྒལ་ཡོད་ཅིང་། དེ་ནི་གཅིག་དགུ་དོན་བརྒྱད་ལོ་ལས་སོ་སོར་ལྡབ་ལྔ་བརྒྱ་དང་དོན་གསུམ་དང་། ལྡབ་དགུ་བརྒྱ་དང་དོན་གཅིག་འཕར་ཡོད།
རྒྱལ་ཁབ་ཀྱིས་དངུལ་རྩའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་དུ་བཏང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་གཏན་འཁེལ་བྱས་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱིས་སྒྲིག་འཛུགས་ཕྱི་རོལ་ནས་ནང་འདྲེན་དང་རང་བརྟེན་སྐྱེད་སྲིང་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་བ་བརྒྱུད། གཞི་ནས་དངུལ་ཁང་དང་དངུལ་འཛིན། དུས་བཅད་ཚོང་ཟོག ཉེན་སེལ། ཐེབས་རྩ། གྲངས་ཉུང་དངུལ་བུན། མ་རྩ་བསྡུ་སྒྲིག་གི་ཁག་ཐེག གཏའ་མ་འཇོག་པ་སོགས་ཀྱི་ཁྱབ་ཁོངས་རིམ་བཞིན་བསྐྲུན་ཏེ། ལས་རྣམ་སྣ་མང་དང་ལེགས་ཆ་གསབ་རེས། འགྲན་རྩོད་གང་ལེགས་བཅས་ཀྱི་དངུལ་རྩའི་རྩ་འཛུགས་མ་ལག་ཅིག་རིམ་པར་གྲུབ། མིག་སྔར་ཞིང་ཆེན་ཡོངས་སུ་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ང་བཞི་དང་། དངུལ་འཛིན་དུས་བཅད་ཚོང་ཟོག་ཀུང་ཟི་སོ་ལྔ། ཉེན་སེལ་མཚམས་སྦྱོར་ཀུང་ཟི་ཞེ་བརྒྱད། དངུལ་ཁང་གི་སྒྲིག་གཞིའི་ཁོངས་སུ་མི་གཏོགས་པའི་ལས་ཁུངས་ཉིས་བརྒྱ་དགུ་བཅུ་བཅས་ཡོད་པར་མ་ཟད། དངུལ་རྩའི་ལས་ཁུངས་ཀྱི་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར་ཁྲག་ཁྲིག་དགུལ་ལས་བརྒལ་བ་དང་། དངུལ་རྩའི་ལས་གཉེར་མི་སྣ་ཁྲི་བཞི་དང་སྟོང་གསུམ་ལས་བརྒལ་ཡོད་ལ། དེ་ནི་གཅིག་དགུ་དོན་བརྒྱད་ལོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཐོག་མའི་དུས་ལས་མི་ཁྲི་གསུམ་དང་སྟོང་དགུ་ལྔ་བརྒྱ་ལས་ཇེ་མང་དུ་འཕར་ཡོད།