མཚོ་སྔོན་གྱིས་མཐོ་སྒང་གི་གནོད་སྐྱོབ་དང་འཕྲལ་བསྟུན་དོ་དམ་ཞིབ་འཇུག་ལྟེ་གནས་བཙུགས།
2019.10.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དགུ་བའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་མཐོ་སྒང་གི་གནོད་སྐྱོབ་དང་འཕྲལ་བསྟུན་དོ་དམ་ཞིབ་འཇུག་ལྟེ་གནས་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་སྒོ་བྱང་བཀལ་བ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་འཕྲལ་བསྟུན་དོ་དམ་མཐོ་རིམ་རིག་མཛོད་འཛུགས་སྐྲུན་དེ་མགྱོགས་པོར་འཕེལ་རྒྱས་སུ་འགྲོ་བའི་ལམ་དུ་ཞུགས་པ་མཚོན་ཐུབ།

མཐོ་སྒང་གནོད་སྐྱོབ་དང་འཕྲལ་བསྟུན་དོ་དམ་ཞིབ་འཇུག་ལྟེ་གནས་ནི་མཚོ་སྔོན་ཞིང་ཆེན་དང་པེ་ཅིན་དགེ་ཐོན་སློབ་ཆེན་མཐོ་སྒང་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་ཁང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་ས་འགུལ་ཅུའུ། ཞིང་ཆེན་གནམ་གཤིས་ཅུའུ། མཚོ་སྔོན་དགེ་ཐོན་སློབ་ཆེན་བཅས་ཀྱིས་མཉམ་དུ་གྲོས་གཞི་བཏོན་ནས་བཙུགས་པ་ཡིན། ལྟེ་གནས་དེ་མཚོ་བོད་མཐོ་སྒང་དང་ཐ་ན་འཛམ་གླིང་ཡོངས་ཀྱི་མཐོ་སྒང་གི་གནོད་སྐྱོབ་དང་འཕྲལ་བསྟུན་དོ་དམ་ཞིབ་འཇུག་ལ་ཁ་གཏད་དེ་མཉམ་དུ་བཙུགས་པའི་རིག་གཞུང་སྟེགས་བུ་ཡིན་ལ། མཐོ་སྒང་གི་རང་བྱུང་གནོད་འཚེ་དང་འཕྲལ་བསྟུན་ལག་རྩལ། ཉེན་ཁ་དོ་དམ་སོགས་ཀྱི་ཞིབ་འཇུག་ཐད་ཤུགས་ཆེན་པོ་འདོན་པ་དང་། མཚོ་བོད་མཐོ་སྒང་ས་ཁུལ་རང་བྱུང་གནོད་འཚེ་འགོག་བཅོས་ནུས་པ་དང་། ཕྱོགས་བསྡུས་གནོད་འཚེ་ཉེན་ཁའི་ཚོད་འགོག་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་ཚན་རྩལ་དང་ཤེས་ལྡན་མི་སྣའི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།