མང་ཨེ་གྲོང་ཁྱེར་སྲིད་གྲོས་བྱ་བའི་གནས་ཚུལ་དང་སྒྲིག་གཞི་འཛུགས་སྐྲུན་སྐོར་གླེང་བ།
2019.10.29 ཁུངས། ཀློག་གྲངས། 61

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།) ཟླ10པའི་ཚེས27ཉིན། 2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ་སྟེ། ང་ཚོ་བཅར་འདྲི་ཚན་ཆུང་༼མཚོ་སྔོན་གྱི་ནུབ་སྒོ་ཆེན་མོའམ་རྡོ་སྣུམ་གྱི་ཕ་ས༽མང་ཨེ་གྲོང་ཁྱེར་དུ་མང་ཨེ་སྲིད་གྲོས་ཐད་ནས་བཅར་འདྲི་བྱེད་འགོ་བརྩམས།

  མང་ཨེ་གྲོང་ཁྱེར་ནི་མཚོ་སྔོན་གྱི་ནུབ་བྱང་མཐའ་མཚམས་སུ་ཆགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ཆིག་སྟོང་ཉིས་བརྒྱས་ཆོད་ཡོད་ལ།གནས་འདི་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་བརྒྱུད་ལམ་ཡིན་པར་མ་ཟད། དེང་རབས་དངོས་ཟོག་སྐྱེལ་འདྲེན་གྱི་ས་ཚུགས་སྟེ། ཀན་སུའུ་ཞིང་ཆེན་ནས་མཚོ་སྔོན་དང་བོད་ལྗོངས། ཞིན་ཅང་ནས་མཚོ་སྔོན་དང་བོད་ལྗོངས་འགྲིམས་སའི་སྒོ་མོ་ལྟ་བུ་ཡིན། 

མང་ཨེ་གྲོང་ཁྱེར་སྲིད་གྲོས་ཀྲུའུ་ཞི་ཏིང་ཀོའུ་རོན་གྱིས་སྲིད་གྲོས་བྱ་བའི་ཐད་ནས་གླེང་མོལ་བྱེད་བཞིན་པ། 

མང་ཨེ་གྲོང་ཁྱེར་སྲིད་གྲོས་ཀྲུའུ་ཞི་ཏིང་ཀོའུ་རོན་གྱིས་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དམངས་སྲིད་སྡེ་ཁག་གི་ཆོག་མཆན་ལྟར་དུ། སྔོན་གྱི་མང་ཨེ་སྲིད་འཛིན་ཨུ་ཡོན་ལྷན་ཁང་དང་ལིན་ཧྭའོ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གཉིས་མཉམ་བསྲེས་སྒོས་མང་ཨེ་གྲོང་ཁྱེར་དུ་གཏན་འབེབས་བྱས་པ་རེད་ལ། མིག་སྔར་རང་རྒྱལ་གྱི་གསར་དུ་བཙུགས་ནས་ཡུན་རིང་མ་འགོར་བའི་རྫོང་རིམ་པ་ཡི་གྲོང་ཁྱེར་ཞིག་ཀྱང་ཡིན་པར་མ་ཟད། མངའ་ཁོངས་སུ་ཧྭ་ཐུའུ་ཀུའུ་དང་ལིན་ཧྭའོ། མང་ཨེ་སོགས་གྲོང་རྡལ་གསུམ་ཡོད། རྡོ་སྣུམ་ནི་གནས་འདིའི་བཟོ་ལས་ཐོན་རྫས་གཙོ་བོ་ཡིན་ལ། ཧྭ་ཐུའུ་ཀུའུ་རྟེན་གཞི་ནི་རྡོ་སྣུམ་ཐོན་སྐྱེད་ས་ཁུལ་གཙོ་བོར་ཆགས་ཡོད།

མང་ཨེ་གྲོང་ཁྱེར་སྲིད་གྲོས་ནི་ཟླ་བཞི་བའི་ནང་ལ་གསར་དུ་ཚུགས་པ་ཡིན་ལ། སྲིད་གྲོས་བཙུགས་ནས་བྱ་བ་བསྒྲུབས་ཏེ་ལོ་ངོ་གཅིག་གི་དུས་ཚོད་ཀྱང་འདས་མེད། གསར་དུ་བཙུགས་པའི་སྒྲིག་འཛུགས་ཤིག་གི་ངོས་ནས། ང་ཚོས་སྲིད་གྲོས་ཀྱི་གཞུང་ལུགས་སློབ་སྦྱོང་དང་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་ཕྱོགས་ལ་ནན་ཏན་སྒོས་གཙུག་འཛིན་བྱེད་བཞིན་ཡོད་ཅིང་། གྲོང་ཁྱེར་ཧྲིལ་པོའི་བྱ་བ་གལ་ཆེན་ལ་དམིགས་ཏེ་ཁྱོན་བསྡོམས་ཕྱོགས་གསུམ་གྱི་བྱ་བ་སྒྲུབ་བཞིན་ཡོད། 

གཅིག་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་ཀྱིན་པ་དང་མང་ཚོགས་ཀྱི་དཀའ་ངལ་དང་འབྲེལ་བའི་བྱ་བ་ནན་གྱིས་བསྒྲུབས་བཞིན་ཡོད་དེ། ཕྱུགས་ལས་ཐོན་ལས་དང་བཤས་རའི་ཁྲོམ་ར། རིག་གནས་ཡུལ་སྐོར། ནུས་ཁུངས་གསར་བའི་ཐོན་ལས་སོགས་ལ་ཆེད་དོན་དཔྱད་གླེང་གི་བྱེད་སྒོ་སྤེལ་ཏེ། སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ་བཞི་གྲུབ་ཡོད་ཅིང་། དེས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཇུས་ཆོད་ལ་དཔེ་བལྟས་ཀྱི་རྨང་གཞི་འདོན་སྤྲོད་བྱས་ཡོད།

གཉིས་ནས་མང་ཨེ་གྲོང་ཁྱེར་འདི་རང་གནའ་བོའི་དར་གོས་ཚོང་ལམ་ལས་མཚོ་སྔོན་ལམ་རྒྱུད་ཀྱི་གྲོང་ཁྱེར་གཙོ་གྲས་ཤིག་ཡིན་པ་དང་། རབ་བྱུང་བ་དང་ཚོང་བ་མང་པོས་གནས་འདི་ལན་མང་བརྒྱུད་མྱོང་བར་གཞིག་སྟེ། ལོ་རྒྱུས་རིག་གནས་སྔོག་འདོན་བྱ་བར་ནུས་ཤུགས་འདོན་བཞིན་ཡོད་ལ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཆེད་མཁས་པ་གདན་དྲངས་ཏེ་གནས་འདིའི་གནའ་མཁར་དང་ལམ་རྒྱུད་རྙིང་བ།ལོ་རྒྱུས་ཤུལ་བཞག་སོགས་ལ་ས་གནས་དངོས་སུ་ཕེབས་ཏེ་རྟོབ་ཞིབ་བྱས་ནས། རིན་ཐང་ཆེན་པོ་ལྡན་པའི་རྟོག་ཞིབ་སྙན་ཞུའི་དཔྱད་འབྲས་བརྩམས་ཆོས་གཉིས་གྲུབ་ཡོད།

 གསུམ་ནས་མང་ཨེ་གྲོང་ཁྱེར་གྱི་མཁར་གྲོང་འཛུགས་སྐྲུན་དང་མཛེས་སྡུག་བྱ་བའི་ཐད་དུ་ནུས་ཤུགས་བཏོན་ཏེ། གྲོང་ཁྱེར་ཏང་ཨུའི་གཅིག་གྱུར་བཀོད་འདོམས་འོག མགོ་ཁྲིད་ཁོངས་མི་སོ་སོས་ཧྭ་ཐུའུ་ཀུའུ་གྲོང་རྡལ་གྱི་ས་ཁུལ་བཤིག་སྤོའི་ལས་འགན་ཕྲག་ཏུ་བླངས་ཡོད་ཅིང་། དུད་ཁྱིམ་ཕལ་བར་ཕྱིན་ཏེ་སྐུལ་སློང་གཏིང་ཟབ་སྒོས་བཤིག་སྤོའི་ལས་ཀ་བསྒྲུབས་པ་རེད། མང་ཨེ་གྲོང་ཁྱེར་སྲིད་གྲོས་བཙུགས་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་དང་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་ཀྱིས་གནས་འདིའི་སྲིད་གྲོས་བྱ་བའི་གནས་ཚུལ་དང་སྒྲིག་གཞི་འཛུགས་སྐྲུན་ཀྱི་ཐད་དུ་སེམས་ཁུར་ཆེན་པོ་བྱས་ཏེ། སྔ་ཕྱིར་ཐེངས་མང་པོར་གཟིགས་རྟོག་གནང་བ་རེད། ད་ལོའི་ཟླ་དགུ་བའི་ཟླ་སྨད་དུ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་མང་ཨེ་གྲོང་ཁྱེར་ལ་ཕེབས་ཏེ། མང་ཨེ་དང་མཐའ་འཁོར་གྱི་ཞིན་ཅང་རོའུ་ཅང་ས་ཆ་དང་ཀན་སུའུ་ཏུན་ཧོང་སོགས་སུ་གཟིགས་ཞིབ་བྱས་པ་རེད་ལ། ཁོས་ང་ཚོས་བསྒྲུབས་པའི་ནུས་ལྡན་གྱི་བྱ་བའི་སྐོར་ལ་གདེང་འཇོག་མཐོན་པོ་བྱས་པར་མ་ཟད་བླང་བྱའང་གལ་ཆེན་བཏོན་པ་རེད་ཟེར།