འགན་འཁྲི་ལེགས་པར་བསྒྲུབ་ནས་མང་ཚོགས་ལ་ཞབས་ཞུ་ལེགས་པོ་མཁོ་འདོན་བྱས།
2019.11.06 ཁུངས། ཀློག་གྲངས། 158

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)ཟླ11པའི་ཚེས1ཉིན་གྱི་སྔ་དྲོར། 2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བའི་འཕོ་འགྱུར་གླེང་བའི་བཅར་འདྲི་ཚན་ཆུང༼མདོ་སྨད་བོང་སྟག་གམ་ལྷ་མཚོའི་འབྱུང་ཡུལ་བྲག་དཀར་ཐེམ་ཆེན་རྫོང་།༽དུ་ཡོང་ནས་ཐེམ་ཆེན་རྫོང་ཀྲུང་ཕྱི་ཟུང་འབྲེལ་སྨན་ཁང་གི་གནས་ཚུལ་ཐད་ནས་བཅར་འདྲི་བྱས།

དགུན་མགོ་མའི་དུས་ཚིགས་ཤར་ལ་ཉེ་བའི་བར་སྐབས་འདིར། ཐེམ་ཆེན་རྫོང་གི་ས་གཞི་ཡོངས་ལ་དྲི་མེད་དཀར་གཙང་གི་ཁ་བ་དཀར་པོས་བརྒྱན་ནས་མཛེས་སྡུག་གི་ཡུལ་གྲུ་ཞིག་རྣམ་པ་མངོན་འདུག མཛེས་སྡུག་དེ་དང་ལྷན་དུ་ཕྱོགས་དང་ཕྱོགས་ནས་རུས་རྐང་གཟེར་བའི་ཙག་རླུང་ལྡོམ་པོ་ཞིག་ཀྱང་རྒྱུ་འོང་བས། རང་དབང་མེད་པར་གྲང་འདར་ཞིག་ཀྱང་རྒྱག་དགོས་པར་ཐུག ང་ཚོ་གསར་འགོད་པ་རྣམས་གྲང་འདར་རྒྱག་བཞིན་ཐེམ་ཆེན་རྫོང་མི་རིགས་སྲང་ལམ་དུ་ཡོད་པའི་ཀྲུང་ཕྱི་ཟུང་འབྲེལ་སྨན་ཁང་དུ་ཕྱིན་པ་ན། མཁའ་རླུང་དྲོན་མོ་ཞིག་གིས་ང་ཚོ་དེ་མ་ཐག་དྲོད་ལམ་ལམ་དུ་བཏང་། བཅར་འདྲིའི་ཤེས་རྟོགས་བྱུང་བ་ལྟར་ན། ཐེམ་ཆེན་རྫོང་ཀྲུང་ཕྱི་ཟུང་འབྲེལ་སྨན་ཁང་འདི་ནི2010ལོར་གསར་དུ་བཙུགས་པ་དང་། མིག་སྔར། རྫོང་ཡོངས་ཀྱི་གཞི་རྒྱ་ཆེས་ཆེ་བ་དང་སྒྲིག་ཆས་ཆེས་ཆ་ཚང་ཡིན་པའི་དམངས་གཉེར་སྨན་ཁང་ཞིག་རེད་ལ། སྨན་ཁང་དུ་སྨན་པ་དང་ནད་གཡོག་པ15ཡོད་ཅིང་། དེ་དག་ཚང་མ་ཟི་ལིང་མཁར་གྱི་ཅུང་སྐད་གྲགས་ཡོད་པའི་སྨན་པ་དང་། འགན་འཁྲི་ཤིན་ཏུ་གཙིགས་འཛིན་བྱེད་པའི་ནད་གཡོག་རྐྱང་རྐྱང་རེད།   ཉིན་རེར་ནད་པ་བརྒྱ་ལྷག་ལ་ནད་བརྟག་བྱེད་བཞིན་ཡོད་པས། སྨན་ཁང་འདི་ནི་རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་རྣམས་ཅུང་ཡིད་ཆེས་པའི་སྒེར་གཉེར་སྨན་ཁང་དུ་གྱུར་ནས། འབྲོག་པ་རྣམས་ཀྱིས་སྨན་ཁང་འདི་ལ་ཕྱི་ལུགས་སྨན་ཁང་ཞེས་པའི་གཅེས་མིང་ཞིག་ཀྱང་བཏགས་འདུག

ཐེམ་ཆེན་རྫོང་ཀྲུང་ཕྱི་ཟུང་འབྲེལ་སྨན་ཁང་གི་འགན་ཁུར་བ་ཀྲའོ་ཡུའེ་ཅན།

ཐེམ་ཆེན་རྫོང་ཀྲུང་ཕྱི་ཟུང་འབྲེལ་སྨན་ཁང་གི་འགན་ཁུར་བ་ཀྲའོ་ཡུའེ་ཅན་གྱིས་བཤད་རྒྱུར། ང་ནི་སྨན་པ་ཞིག་ཡིན་ལ། སྲིད་གྲོས་ཨུ་ཡོན་ཞིག་ཀྱང་ཡིན། དེ་བས། ངས་སྨན་ཁང་དུ་རྒྱ་ཆེ་མང་ཚོགས་ལ་ནད་གདུང་ལས་ཐར་བར་རོགས་འདེགས་བྱེད་བཞིན་ཡོད་ལ། སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ཐད་ནས། ངས་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས་ནས། མི་སེར་དང་སྲིད་གཞུང་བར་ལ་འབྲེལ་ཟམ་འཛུགས་པ་དང་སྲིད་ཞུགས་སྲིད་མོལ་བྱེད་བཞིན་ཡོད་ཟེར།

ཀྲའོ་ཡུའེ་ཅན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྨན་ཁང་འདི་ལ་སྤྱི་བསྡོམས་པས་མ་དངུལ་ས་ཡ་གཅིག་དང་འབུམ་དྲུག་བཏང་ཞིང་། ད་ལྟ་སྨན་ཁང་གི་ལོ་རེའི་སྒོ་བསྟེན་སྨན་རིན་ས་ཡ་གསུམ་དང་ཁྲི་དྲུག་རེག་བཞིན་ཡོད་ལ། ལོ་རེ་རེ་བཞིན་ཐེམ་ཆེན་རྫོང་ལ་ཁེ་སྤོགས་དཔྱ་ཁྲལ་སྒོར་ཁྲི་བཅུ་གསུམ་སྤྲོད་བཞིན་ཡོད་པས། ཐེངས་མང་པོར་ཁྲལ་དོན་སྡེ་ཁག་གི་གཟེངས་བསྟོད་བྱས་པ་དང་། འཕྲོད་བསྟེན་སྡེ་ཁག་གིས་ཀྱང་གདེང་འཇོག་ཚད་མཐོན་པོ་གནང་འདུག

ཐེམ་ཆེན་རྫོང་ཀྲུང་ཕྱི་ཟུང་འབྲེལ་སྨན་ཁང་གི་འགན་ཁུར་བ་ཀྲའོ་ཡུའེ་ཅན་གྱིས་བཤད་རྒྱུར།ངེད་སྨན་ཁང་གིས་བླངས་པའི་གྲུབ་འབྲས་འདི་དག་ནི་སྲིད་གྲོས་དང་འཕྲོད་བསྟེན་སྡེ་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པས། ངེད་སྨན་ཁང་གིས་རྗེས་ཕྱོགས་དཀའ་བ་གདོང་གིས་བསུས་ནས་མི་དམངས་ལ་ཞབས་འདེགས་སྒྲུབ་རྒྱུ་དང་། སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་རང་རྫོང་གི་རིགས་སོ་སོའི་མང་ཚོགས་ལ་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལེགས་པོ་ཞིག་བསྒྲུབ་པར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཟེར།