མཚོ་སྔོན་གྱི་ཡོང་སྒོ་དམའ་བའི་མང་ཚོགས་འབུམ་གསུམ་དང་ཁྲི་བདུན་ལ་ཁ་གསབ་སྟེར་རྒྱུ་རེད།
2019.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། དངོས་གོང་ཇེ་མཐོར་སོང་བ་ལས་ཡོང་སྒོ་དམའ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་ཆེད། ད་ལོའི་ཟླ་བརྒྱད་པའི་རྗེས་སུ། མཚོ་སྔོན་གྱིས་ཡང་བསྐྱར་སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་དངོས་གོང་འཕར་བའི་སྦྲེལ་བའི་མཉམ་འགུལ་རྐྱེན་སྲོལ་ལག་བསྟར་བྱས་ཏེ། ཡོང་སྒོ་དམའ་བའི་མང་ཚོགས་ལ་རིན་གོང་གི་གནས་སྐབས་ཁ་གསབ་སྟེར་རྒྱུ་རེད།

ཐེངས་འདིའི་རིན་གོང་གི་གནས་སྐབས་ཁ་གསབ་སྟེར་སྐབས་ཟླ་གཅིག་ལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བརྒྱད་ཁྲི་གཉིས་ལྷག་སྟེར་རྒྱུ་ཡིན་པ་དང་། དེས་ཡོང་སྒོ་དམའ་བའི་མང་ཚོགས་འབུམ་གསུམ་དང་ཁྲི་བདུན་སྟོང་བརྒྱད་ལྷག་ལ་ཕན་འདོགས་ཐུབ།

ཟླ་རེར་བརྩི་བ་དང་ཟླ་རེ་བཞིན་སྟེར་བའི་རྩ་དོན་ལྟར་དུ། ཐེངས་འདིར་ཁ་གསབ་སྟེར་ཚད་གཞི་ནི། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་། མཁར་གྲོང་གི་རྒྱལ་ཁབ་ཀྱི་དུས་བཅད་གཟིགས་སྐྱོང་རོགས་སྐྱོབ་ལོངས་སུ་སྤྱོད་མཁན་ལ་མི་རེར་ཟླ་རེར་སྒོར་ང་བདུན་སྟེར་རྒྱུ་ཡིན་ལ། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་། ཞིང་སྡེའི་རྒྱལ་ཁབ་ཀྱི་དུས་བཅད་གཟིགས་སྐྱོང་རོགས་སྐྱོབ་ལོངས་སུ་སྤྱོད་མཁན་ལ་མི་རེར་ཟླ་རེར་སྒོར་སོ་ལྔ་སྟེར་རྒྱུ་རེད། ཁ་འཐོར་དུ་གནས་པའི་དམིགས་བསལ་དཀའ་ཁག་ཅན་གྱི་གཉོར་སྐྱོང་བྱེད་ཡུལ་ལ་མི་རེར་ཟླ་རེར་སྒོར་གྱ་ལྔ་དང་། གཞི་གཅིག་ཏུ་འདུས་པའི་དམིགས་བསལ་དཀའ་ཁག་ཅན་གྱི་གཉོར་སྐྱོང་བྱེད་ཡུལ་ལ་མི་རེར་ཟླ་རེར་སྒོར་གོ་བཞི། ལས་ཤོར་ཉེན་ཚབ་དངུལ་ལེན་བཞིན་པའི་མི་རེར་ཟླ་རེར་སྒོར་བརྒྱ་དང་སོ་གཉིས་བཅས་སྟེར་རྒྱུ་རེད། དངོས་གོང་ལ་ཡང་བསྐྱར་འགྱུར་ལྡོག་བྱུང་ཚེ། ཁ་གསབ་སྟེར་བའི་ཚད་གཞི་ཅི་འདྲ་ཡིན་པ་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཡང་བསྐྱར་བརྡ་གཏོང་རྒྱུ་རེད།