གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་མ་ལག་ཤར་གཏོང་མཛད་སྒོ་ཟི་ལིང་དུ་བསྡུས།
2019.11.30 ཁུངས། ཀློག་གྲངས། 663

༼   གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར།( གསར་འགོད་པ། ཚེ་མ།  དཔལ་འཛོམས།)༽

ཟླ11པའི་ཚེས30ཉིན་གྱི་ཕྱི་དྲོར།  གཡང་འབའ་འབའ་དྲ་ལམ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ན་རོ་རིག་གནས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་སྒྲུབ་གནང་ལ། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པ་དང་། མཚོ་སྔོན་ཐོན་མིའི་བརྡ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་། མཚོ་སྔོན་སྐར་ཁུང་རིག་གནས་སྨྱན་བྱད་ཚད་ཡོད་སྤྱི་གཉེར་ཁང་སོགས་ཀྱིས་རོགས་སྒྲུབ་གནང་བའི་གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་མ་ལག་ཤར་གཏོང་མཛད་སྒོ་ཟི་ལིང་སོའུ་ཧྥི་ཐི་མགྲོན་ཁང་ཆེན་མོ་ནས་གཟབ་རྒྱས་ངང་བསྡུས།

ཐེངས་འདིའི་མཛད་སྒོའི་སྟེང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ།  འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་དང་། བློ་བཟང་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་བློ་བཟང་། པེ་ཅིན་ཧི་མ་ལ་ཡའི་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ་དང་སི་ཁྲོན་མཐོ་སྒང་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཛིན་པ། བོད་ཀྱི་སྙན་ངག་པ་དང་ཁེ་ལས་པ། གློག་བརྙན་ཕབ་སྐྲུན་པ་གངས་ཞུན། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཚེ་སྐྱབས་རྒྱལ། གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཡང་ཐེན་མེན། གུང་གཞོན་ཚོགས་པ་ཐུན་ཏེ་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུ་འབྲུག་སྐྱིད། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་པ་བཙུན་ཐར་རྒྱལ་དང་། དགེ་རྒན་ཆེན་མོ་ཨ་གསལ་སྒྲོན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་སྤྱི་ཚོགས་རིག་པའི་ཞིབ་འཇུག་གླིང་གི་འགོ་གཙོ་ལྷ་མོ་འཚོ་སོགས་འབྲེལ་ཡོད་འགོ་ཁྲིད་དང་གདན་ཞུའི་སྐུ་མགྲོན། ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ལས་ཁུངས་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན།  མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གོ་བོད་ཀྱི་དྲ་བ། ཐུན་ཏེ་རྫོང་བརྙན་འཕྲིན་ཁང་སོགས་སྨྱན་བྱད་ལས་ཁུངས་དག་གི་གསར་འགོད་པ། དེ་མིན་སྤྱི་ཚོགས་ལས་རིགས་ཁག་སོ་སོ་ནས་ཕེབས་པའི་མགྲོན་པོ་སོགས་ཁྱོན་བསྡོམས་མི་ཉིས་བརྒྱ་ལྷག་ཐེངས་འདིའི་མཛད་སྒོར་ཞུགས།

མཛད་སྒོའི་སྟེང་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཚེ་སྐྱབས་རྒྱལ་གྱིས་ཐོག་མར་ཤིས་ཚིག་ཕུལ་བ་དང་།  མ་ལག་གསར་འབྱེད་པ་དང་གདན་ཞུའི་སྐུ་མགྲོན་གྱི་འཐུས་ཚབ་པས་དངོས་སུ་ཤར་གཏོང་བྱས། གཞན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ།  འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་དང་། བློ་བཟང་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་བློ་བཟང་། པེ་ཅིན་ཧི་མ་ལ་ཡའི་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ་དང་སི་ཁྲོན་མཐོ་སྒང་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཛིན་པ། བོད་ཀྱི་སྙན་ངག་པ་དང་ཁེ་ལས་པ། གློག་བརྙན་ཕབ་སྐྲུན་པ་གངས་ཞུན། དགེ་རྒན་གྱི་འཐུས་ཚབ་པ་སོགས་ཀྱིས་བསྟུད་མར་གཏམ་བཤད་གནང་ལ། གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་མ་ལག་གི་ལག་རྩལ་མི་སྣས་མ་ལག་སྤྱོད་སྟངས་མཚམས་སྦྱོར་བྱས།

གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་མ་ལག་ནི་དེང་རབས་ཆ་འཕྲིན་སློབ་གསོའི་ལེགས་ཆ་བེད་སྤྱད་དེ་བཟོས་པའི་དྲ་ལམ་སློབ་ཁྲིད་མ་ལག་ཅིག་ཡིན་ལ། ལྗོངས་ཞིང་ལྔ་ཡི་སློབ་ཆུང་རིམ་པའི་བསླབ་གཞི་ཆ་ཚང་སྒྲ་གཟུགས་གཉིས་ལྡན་གྱི་ལམ་ནས་སློབ་ཁྲིད་ལེགས་པོ་བྱས་ཡོད་པ་ཞིག་རེད།། མ་ལག་འདིས་སྲོལ་རྒྱུན་གྱི་སློབ་ཁྲིད་རྣམ་པས་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་སློབ་སྦྱོང་གི་འདུན་པ་ཚིམ་མི་ཐུབ་པར་དམིགས་ནས། སློབ་མས་རྒྱུན་ལྡན་སློབ་སྦྱོང་བྱེད་སྟངས་ལས་གཞན། དྲ་ཐོག་སློབ་ཁྲིད་བརྙན་ལམ་སློབ་གསོའི་སྟེགས་བུ་འདི་བསྐྲུན་ནས་ཆེད་དུ་བོད་ཁུལ་སློབ་མ་དང་། སློབ་གྲྭ་འགྲིམ་མ་མྱོང་བའི་བོད་རིགས་སྤུན་ཟླ། དེ་མིན་བོད་སྐད་ཡིག་སློབ་འདོད་ཡོད་པའི་མི་རིགས་གཞན་རྣམས་ལ་བརྙན་ལམ་སློབ་ཁྲིད་མ་ལག་འདི་ཉིད་གསར་སྐྲུན་བྱས་པ་རེད།