བློན་ཆོས་ཞང་གི"སྤྱོད་ཁང་གསར་བརྗེ"ལས་ཐོབ་པའི་ཕན་འབྲས།
2019.12.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 122

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དགུན་དུས་གཞི་རིམ་དུ་བསྐྱོད་པའི་བཅར་འདྲི་ཚན་ཆུང་ཐུན་རིན་རྫོང་མཁར་ནས་ལམ་ཐག་སྤྱི་ལེ་རེ་བརྒྱད་ཀྱི་སར་གནས་པའི་བློན་ཆོས་ཞང་ཐོག་ལ་དངོས་བཅར་བྱས། ཞང་སྲིད་གཞུང་གི་ནང་དུ་སོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བློན་ཆོས་ཞང་གིས"སྤྱོད་ཁང་གསར་བརྗེའི"རྣམ་གྲངས་བསྒྲུབས་པ་གནད་ལ་འཁེལ་ཞིང་ཀུན་གྱིས་གདེང་འཇོག་ཐོབ་ཀྱིན་པ་ཚོར་བས། གནད་འདི་གཙོ་བོར་བཟུང་ནས་བཅར་འདྲི་དངོས་ལ་ཞུགས།

བློན་ཆོས་ཞང་སྲིད་གཞུང་གི་རྣམ་པ། 

ཐོག་མར"སྤྱོད་ཁང་གསར་བརྗེ"ཡི་ལས་གཞིའི་འགན་ལེན་པ་ཞང་གཙོ་གཞོན་པ་བསོད་ནམས་དོན་གྲུབ་ཀྱིས་བཤད་རྒྱུར། བློན་ཆོས་ཞང་བློན་ཆོས་སྡེ་བ་ལྟ་བུར་མཚོན་ན།དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་དང་བསྟུན་ནས་བསམ་བློའི་དབུལ་ཐར་གྱི་ཕྱོགས་སུ་འབད་འབུངས་ཧུར་བསྐྱེད་བྱས་ནས་དེ་འབྲེལ་གྱི་གྲུབ་འབྲས་གང་ལ་གང་འཚམ་ཐོབ་ཡོད་ཅིང་། ཁྱད་པར་དུ་གླེང་རིན་ཡོད་པ་ཞིག་ནི་ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་ཐུན་རིན་རྫོང་གིས"སྤྱོད་ཁང་གསར་བརྗེ"ཡི་རྣམ་གྲངས་ལག་བསྟར་བྱས་པའི་གོ་སྐབས་དང་བསྟུན་ཏེ། བློན་ཆོས་སྡེ་བས་ཀྱང་སྲིད་ཇུས་བརྩོན་ལེན་བྱས་ནས་ན་ནིང་གི་ལོར་སྤྱོད་ཁང་བརྒྱ་ལྷག་དང་ད་ལོར་སྤྱོད་ཁང་རེ་དྲུག་གསར་དུ་བསྐྲུན་ཡོད། ས་ཆ་འདི་ལྟ་བུར་མཚོན་ན་འབྲོག་ལས་ལ་གཞོལ་ཆེ་བའི་དབང་གིས། སྔོན་ཆད་ལྟ་བུར་མཚོན་ན། ཁྱིམ་ཚང་སོ་སོར་སྤྱོད་ཁང་བསྐྲུན་པའི་འདུ་ཤེས་དང་གོམས་སྲོལ་ཆེན་པོ་ཞིག་མེད་ནའང་། ངེད་ཅག་ཞང་སྲིད་གཞུང་གིས་དེའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་གྱི་སྐོར་ནས་གོ་བསྐོན་བློ་འགུགས་ཀྱི་སློབ་གསོ་གང་མང་བཏང་བར་བརྟེན། དེང་སྐབས་ཁྱིམ་ཚང་སོ་སོས་སྤྱོད་ཁང་གི་དགོས་གལ་རང་བཞིན་དང་དེས་འཕྲོད་བསྟེན་དང་ཁོར་ཡུག་དག་གཙང་གི་ཐད་ཐེབས་པའི་བཟང་ཆ་ཅི་རིགས་དངོས་སུ་ཚོར་ཐུབ་ཀྱིན་འདུག 

གསར་འགོད་པས་ཞང་གཙོ་བསོད་ནམས་དོན་གྲུབ་ལ་བཅར་འདྲི་བྱེད་ཀྱིན་པ། 

སྤྱོད་ཁང་གསར་འཛུགས་ཀྱི་ཐོག་མའི་གནས་སྐབས་ལྟ་བུར་མཚོན་ནའང་། ང་ཚོས་རང་རྟོགས་སྒོས་སྤྱོད་ཁང་གསར་འཛུགས་བྱེད་བསམ་མཁན་གྱི་ཁྱིམ་ཚང་ཅི་ཙམ་ཡོད་པ་རྩིས་ཐོར་བཀོད་རྗེས། གོང་རིམ་ལ་ཡར་ཞུ་ཕུལ་ནས་ཆོག་མཆན་ཐོབ་ན། གཞི་ནས་སྡེ་བའི་ནང་གི་རུ་གཙོ་དང་སྡེ་དམངས། ཞང་གི་འགོ་ཁྲིད་ཚན་ཆུང་བཅས་ཀྱི་སྟོབས་ཤུགས་ཅི་ཡོད་གཅིག་བསྡུས་བྱས་པ་བརྒྱུད། གཞི་ནས་ད་ལྟའི་རྣམ་པ་ལེགས་པོ་འདི་ལྟ་བུ་ཞིག་མངོན་དུ་གྱུར་ཟེར།

གསར་འགོད་པས་སྡེ་མི་ཤ་བོ་བསོད་ལེར་བཅར་འདྲི་བྱེད་ཀྱིན་པ། 

 དེའི་རྗེས་སྡེ་མི་ཤ་བོ་བསོད་ལེ་ཚང་དུ་སོང་ནས། ཁོ་ཚང་གི་སྤྱོད་ཁང་གསར་སྐྲུན་བྱས་པའི་སྤུས་ཀ་དང་རྣམ་པ་སོགས་ལ་རྒྱུས་ལོན་བྱེད་ཞོར་བཅར་འདྲི་བྱས་པ་ན་ཁོས་བཤད་རྒྱུར། ངེད་ཚང་གི་མཐའ་འཁོར་གྱི་རུ་ཁ་ཁྱིམ་མཚེས་འདི་དག་གི་སྤྱོད་ཁང་ཅི་ཡོད་ད་ལོར་གསར་དུ་བསྐྲུན་པ་ཡིན། སྔོན་ཆད་ལྟ་བུར་མཚོན་ན་འདིའི་ཉེ་འཁོར་ན་སྤྱོད་ཁང་ཟུར་དུ་བསྐྲུན་མེད་ཁར། ཁོར་ཡུག་གཙང་སྦྲའི་གལ་ཆེན་རང་བཞིན་སོགས་ཀྱང་མི་ཤེས་པའི་དབང་གིས། གཅིན་སྐྱག་གང་སར་བཏང་བ་ཟོག་ལུག་རྣམས་ཀྱིས་ཟ་བཞིན་ཡོད་ཅིང་། དེས་མི་སྡོད་ཁོར་ཡུག་ལ་འབག་བཙོག་དང་། མི་དང་སྒོ་ཕྱུགས་ཀྱི་འཕྲོད་བསྟེན་ལ་ལྡོག་ཕྱོགས་ཀྱི་ནུས་པ་མི་དམན་པ་ཐེབས་ཀྱིན་ཡོད་པའི་གནས་ཚུལ་དེ་འདྲ་རེད།  

པར་མིག་ལ་བརྒྱུས་པའི་ལམ་སྐབས་ཀྱི་མཐོང་སྣང་། 

ད་ལོ་ལྟ་བུར་མཚོན་ན་རྒྱལ་ཁབ་ཀྱིས་སྤྱོད་ཁང་གསར་སྐྲུན་གྱི་ཐད་ཁྱིམ་ཚང་རེར་མ་དངུལ་སྒོར་སྟོང་གཅིག་བྱིན་ནས། ད་ཆ་ངེད་ཚང་གི་སྤྱོད་ཁང་འདི་སྤུས་ཀ་སོགས་ཕྱོགས་གང་ཅིའི་ཚད་གཞིར་ལོན་ནས་ཡོངས་འགྲུབ་བྱས་ཡོད། རྒྱལ་ཁབ་ཀྱི"སྤྱོད་ཁང་གསར་བརྗེ"ཡི་རྣམ་གྲངས་འདིས་སྔོན་ཆད་ཀྱི་སྣང་ཚུལ་མི་ལེགས་པ་གང་མང་ཞིག་ལ་ཡོ་བསྲང་དང་བསྒྱུར་བཅོས་བྱས་ནས། མིའི་འགྲོ་འདུག་གང་ཅིའི་ཐད་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པར་མ་ཟད། ད་ཆ་སྤྱོད་ཁང་གསར་བརྗེ་ལས་བསྐྱེད་པའི་གྲུབ་འབྲས་འདི་ལ་སྡེ་དམངས་ཡོངས་ཀྱིས་ཁས་ལེན་དང་དགའ་གུས་ཚད་མེད་བྱེད་ཀྱིན་ཡོད”ཟེར།

པར་མིག་ལས་མཐོང་བའི་ལམ་སྐབས་ཀྱི་མཛེས་ལྗོངས། 


གསར་འགོད་པ། ཨ་བརྟན་རྒྱལ་དང་བན་དེ་སྐྱབས།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།