རྩེ་ཆུ་གྲོང་རྡལ་གྱི་གནས་སྤོར་དབུལ་སྐྱོར་ལས་གཞིས་ས་གནས་མང་ཚོགས་ལ་ཕན་བདེ་བསྐྲུན།
2019.12.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 46

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་ལྟ་བུར་མཚོན་ན། སྲིད་འཛིན་སྡེ་བ་བརྒྱད་དང་ཁྱིམ་ཚང་སྟོང་གཅིག་དྲུག་བརྒྱ་གྱ་གཉིས། མི་གྲངས་སྟོང་བདུན་དང་ཉིས་བརྒྱ་བཅུ་བདུན་ཡོད་ཅིང་། དེའི་ཁྲོད་དུ་གནད་ཕིགས་དབུལ་སྐྱོར་གྱི་ཁྱིམ་ཚང་ལྔ་བརྒྱ་དང་དགུ་དང་། མི་གྲངས་སྟོང་གཅིག་དང་དགུ་བརྒྱ་གོ་དྲུག་ཡོད། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ནས་ཉིས་སྟོང་བཅུ་དྲུག་ལོའི་ལོ་འགོ་ནས་བཟུང་རྩེ་ཆུ་གྲོང་རྡལ་གྱིས་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། གནད་ཕིགས་དབུལ་སྐྱོར་གྱི་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས། རྒྱུས་ལོན་བྱུང་བ་ལྟར་ན། རྩེ་ཆུ་གྲོང་རྡལ་གྱིས་གནད་ཕིགས་དབུལ་སྐྱོར་གྱི་ལས་གཞི་དུ་མ་ལག་བསྟར་བྱས་པའི་ཁྲོད་གཞི་ཁྱོན་ཆེས་ཆེ་ཤོས་ནི་དབུལ་ཕོངས་ཁྱིམ་ཚང་གནས་སྤོར་གྱི་ལས་གཞི་ཡིན་པ་ཤེས་རྟོགས་བྱུང་།

གསར་འགོད་པས་རྩེ་ཆུ་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་སྒྲོལ་མ་སྐྱབས་ལ་བཅར་འདྲི་བྱེད་ཀྱིན་པ།

ང་ཚོས་དངོས་ཡོད་གནས་ཚུལ་དེར་དམིགས་ནས་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་སྒྲོལ་མ་སྐྱབས་ལ་བཅར་འདྲི་བྱས་པ་ན་ཁོས་བཤད་རྒྱུར། རྩེ་ཆུ་གྲོང་རྡལ་གྱིས་ཉིས་སྟོང་བཅུ་དྲུག་དང་བཅུ་བདུན་ལོ་སྔ་ཕྱི་གཉིས་ལ་དབུལ་ཕོངས་ཁྱིམ་ཚང་བཞི་བརྒྱ་ང་བདུན་དང་། མི་གྲངས་སྟོང་གཅིག་བརྒྱད་བརྒྱ་ཉེར་བརྒྱད་སྔོན་ཆད་ཀྱི་འབྲོག་ཁུལ་ནས་རྫོང་མཁར་གྱི་ཐག་ཉེ་སའི་དུང་དཀར་ས་ཆ་རུ་གནས་སྤར་ནས་འདུས་སྡོད་ཀྱི་རྣམ་པ་གྲུབ་པར་བྱས་ཡོད་པའི་ཁྲོད་དུ། རྩེ་ཆུ་གྲོང་རྡལ་ལ་གནས་སྤོར་ཁྱིམ་ཚང་བཞི་བརྒྱ་ང་བདུན་ཡོད། རྒྱལ་ཁབ་ཀྱིས་ཁྱིམ་ཚང་འདི་དག་ལ་སྡོད་ཁང་འཛུགས་སྐྲུན་བྱས་པ་ལས་གཞན། ཆུ་གློག་ལམ་གསུམ་གཙོས་དྲ་རྒྱ་དང་བརྙན་འཕྲིན་སོགས་མང་ཚོགས་ལ་ཉེ་བར་མཁོ་བའི་མཐུན་རྐྱེན་ཅི་རིགས་ལྷག་ལུས་མེད་པར་སྦྱར་ནས། ད་ལྟ་གཏན་སྡོད་ཀྱི་འཚོ་བ་རོལ་གྱིན་ཡོད་ཟེར།

དུང་དཀར་གནས་སྤོར་གཏན་སྡོད་ས་ཁུལ།

ང་ཚོས་རྩེ་ཆུ་གྲོང་རྡལ་རི་ཕྱོར་སྡེ་བའི་དབུལ་སྐྱོར་གནས་སྤོར་ལས་གཞིར་རྒྱུས་ལོན་ཞིག་བྱས་པ་ན། ཉིས་སྟོང་བཅུ་དྲུག་ལོར་ཁྱིམ་ཚང26གནས་སྤར་བ་དང་ཉིས་སྟོང་བཅུ་བདུན་ལོར་ཁྱིམ་ཚང23གནས་སྤར། གནས་སྤོར་སྡོད་ཁང་གི་སྤྱིའི་འགྲོ་གྲོན་གྱི་ཆ་ནས་བཤད་ན་ཁང་པ་རེར་སྤྱིའི་འགྲོ་གྲོན་སྒོར་ཁྲི་ཉེར་གཅིག་བཏང་ཡོད་ཅིང་། དེའི་ཁྲོད་དུ་རྒྱལ་ཁབ་ཀྱིས་སྒོར་མོ་ཁྲི་ཉི་ཤུ་དང་ཁྱིམ་ཚང་སྒེར་ངོས་ནས་རང་གྲབས་མ་དངུལ་སྒོར་ཁྲི་གཅིག་བཏང་ཡོད། དཔེར་ན། བཟའ་མི་གཅིག་ཅན་གྱི་ཁྱིམ་ཚང་ལ་མཚོན་ན་རང་གྲབས་མ་དངུལ་སྒོར3125དང་། བཟའ་མི་གཉིས་ཅན་གྱི་ཁྱིམ་ཚང་ལ་མཚོན་ན་རང་གྲབས་མ་དངུལ་སྒོར6250། བཟའ་མི་གསུམ་ཅན་གྱི་ཁྱིམ་ཚང་དང་དེ་ལས་ཡན་གྱི་ཁྱིམ་ཚང་ལ་མཚོན་ན་རང་གྲབས་མ་དངུལ་སྒོར10000བཏང་ཡོད། ཁང་པའི་རྒྱ་ཁྱོན་གྱི་ཐད་ནས་ཀྱང་བཟའ་མི་གཅིག་ཅན་ལ་སྨི་གྲུ་བཞི་མ25དང་བཟའ་མི་གཉིས་ཅན་ལ་སྨི་གྲུ་བཞི་མ50། བཟའ་མི་གསུམ་ནས་ལྔ་ཅན་ལ་སྨི་གྲུ་བཞི་མ80། བཟའ་མི་དྲུག་ཅན་ལ་སྨི་གྲུ་བཞི་མ95། བཟའ་མི་བདུན་ཅན་ལ་སྨི་གྲུ་བཞི་མ113། བཟའ་མི་བརྒྱད་ཅན་ལ་སྨི་གྲུ་བཞི་མ125བཅས་ཡོད།

གསར་འགོད་པས་རི་ཕྱོར་སྡེ་བའི་སྡེ་མི་རྒྱ་ཐར་རྒྱལ་ལ་བཅར་འདྲི་བྱེད་ཀྱིན་པ།

ང་ཚོས་རི་ཕྱོར་སྡེ་བའི་སྡེ་མི་རྒྱ་ཐར་རྒྱལ་ཚང་ལ་དངོས་བཅར་བྱས་ཏེ་རྒྱུས་ལོན་བྱས་པ་ན། ཁོས་བཤད་རྒྱུར། ངེད་ཚང་ལྟ་བུར་མཚོན་ན། ཉིས་སྟོང་བཅུ་དྲུག་ལོར་སྔོན་ཆད་ཀྱི་འབྲོག་ས་ནས་གནས་འདི་རུ་གནས་སྤར་ནས་ཡོང་བ་ཡིན། ངེད་ཚང་ལ་རྩྭ་ས་ཆུང་བའི་དབང་གིས་འབྲོག་ས་ནས་བསྡད་ཀྱང་ཕན་ཁེ་ཆེན་པོ་ཞིག་མེད་གི གནས་འདིར་སྤར་རྗེས། ཆུ་གློག་ལམ་གསུམ་སོགས་ཕྱོགས་གང་ཅིའི་ཐད་ནས་སྔོན་ཆད་དང་བསྡུར་ན་གནམ་ས་ལྟ་བུའི་འགྱུར་ལྡོག་ཡོད་པར་མ་ཟད། བྱིས་པ་སློབ་གྲྭར་སྐྱེལ་བ་དང་སྨན་ཁང་ལ་སྟོན་པ། ཞོར་ལས་བཙལ་བ་སོགས་ཕྱོགས་གང་ཐད་ནས་བལྟས་ན་ཕན་ཁེ་ཆེན་པོ་ཡོད་གི  ངེད་ཚང་གིས་སྡོད་ཁང་འདི་ལས་སྤྱད་ལ་སྒེར་ངོས་ནས་མ་དངུལ་སྒོར་ཁྲི་གཅིག་བཏང་བ་དང་རྒྱལ་ཁབ་གཞུང་གིས་སྒོར་ཁྲི་ཉི་ཤུ་བཏང་ཡོད་ཟེར།

སྡེ་མི་རྒྱ་ཐར་རྒྱལ་ཚང་གི་གཏན་སྡོད་ཁང་པ་གསར་བ།

རྩེ་ཆུ་གྲོང་རྡལ་གྱི་གནས་སྤོར་དབུལ་སྐྱོར་གྱི་ལས་གཞི་འདི་ལག་བསྟར་བྱས་པ་དོན་དངོས་དང་མཐུན་ཞིང་དངོས་འབེབས་བྱས་པ་ཞིབ་ཚགས་ལྡན་པས། འདིས་རྩེ་ཁོག་རྫོང་ཁྱོན་ཡོངས་ནས་དབུལ་ཐར་འབྱུང་བར་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ཀྱི་བྱེད་ནུས་མི་དམན་པ་བཏོན་ཡོད་པར་ཐེ་ཚོམ་བྲལ་ལོ། །

གཏན་སྡོད་སྲང་ལམ་གྱི་སྦྱར་བྱང་། 

དུང་དཀར་གཞིས་ཁུལ་གྱི་ཞབས་ཞུ་ལྟེ་གནས། 

གཏན་སྡོད་སྲང་ལམ་གྱི་སྦྱར་བྱང་། 

དུང་དཀར་གཞིས་ཁུལ་ན་ཀྲོང་ངེར་བསླངས་པའི་གནས་སྤོར་དབུལ་སྐྱོར་གྱི་རྡོ་རིང་། 


གསར་འགོད་པ་ཨ་བརྟན་རྒྱལ་དང་བན་དེ་སྐྱབས།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།