རང་ལམ་རང་གིས་བཏོད་དེ་ལས་སྐྲུན་གྱི་ལམ་ཁ་ན་འབད་འབུངས་བྱེད་ཀྱིན་པའི་སློབ་ཆེན་པ་ཞིག་གི་གཏམ་རྒྱུད་དང་དེའི་ལྟག་རྒྱབ་ཀྱི་སྐད་ཆ།
2019.12.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 393

ངས་འདི་ནས་རང་ལམ་རང་གིས་བཏོད་དེ་ལས་སྐྲུན་གྱི་ལམ་ཁ་ན་འབད་འབུངས་བྱེད་ཀྱིན་པའི་བོད་རིགས་སློབ་ཆེན་སློབ་མ་ཞིག་གི་མངར་ལ་སྐྱུར་བའི་གཏམ་རྒྱུད་དང་དེའི་ལྟག་རྒྱབ་ཀྱི་སྐད་ཆ་ཅི་ཡོད་ཡིག་ངོར་བཀོད་དེ་ཁྱེད་ཅག་གི་བགོ་སྐལ་དུ་དགྲམ་རྒྱུ་ཡིན།  སློབ་ཆེན་པ་དེའི་མིང་ལ་རྡོ་རྗེ་རབ་བརྟན་ཟེར་ཞིང་། ཁོ་ནི་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ཡོ་ཆེ་སྡེ་བ་ནས་འཚར་ལོངས་བྱུང་ཏེ་སློབ་གྲྭ་ཆུང་འབྲིང་གི་སྒོ་ཐེམ་རིམ་པར་འགྲིམས་རྗེས། ཉིས་སྟོང་གསུམ་ལོར་སློབ་ཆེན་སློབ་མཐར་ཕྱིན་མ་ཐག ཕྱིར་ཕ་ཡུལ་ཏུ་ལོག་ནས་ཁོ་ཚང་གི་རྫོང་མཁར་ན་ཡོད་པའི་ཞོ་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེའི་ནང་ནས་ལས་ཀ་བཙལ་ཞོར་ཞོ་བཙོང་གི་ལས་ཀ་གཉེར་ནས་རིང་ཙམ་བསྡད། 

ངས་ཁོ་ལ་ཀུན་སློང་ཅི་ལྟ་བུ་ཞིག་སྐྱེས་པ་ལ་རྐྱེན་བྱས་ཏེ་གཞི་ནས་ལས་སྐྲུན་གྱི་ལམ་ཁ་འདི་ལྟ་བུ་ཞིག་བདམས་པ་ཡིན་ཞེས་དྲིས་པ་ན། ཁོས་བཤད་རྒྱུར། རེས་གཟའ་བདུན་པའི་ཉིན་ཞིག་ངས་ཞོ་ཚོང་ཁང་སྲུང་ནས་བསྡད་ཡོད་པའི་སྐབས་ཤིག་ལ། བལྟས་ཚོད་ལ་གཅན་ཚ་ཐང་གི་འབྲོག་པའི་བུ་མོ་ཆུང་ཆུང་ཞིག་གིས་འོ་མ་འགྱིག་དུམ་ཆེན་པོ་ཞིག་ངེད་ཚང་གི་ཚོང་ཁང་ནང་དུ་འཁྱེར་ཡོང་ནས། ང་ལ་འདི་ཉོ་རོགས་ཟེར། ངས་འོ་མ་འདི་ཉོ་མི་ཐུབ་གི  འགྱིག་དུམ་འདམ་ཁུ་ཡིས་ནག་ནོག་བཟོས་འདུག་སྟབས། སྣོད་ནང་གི་འོ་མའང་འབག་བཙོག་ཅན་དུ་བསྒྱུར་ཡོད་སྲིད་པས། ངས་འོ་མ་འདི་ཉོ་མི་ཐུབ་གི་ཞེས་བཤད་མ་ཐག  ཞོ་ཉོ་རོགས་ཟེར་མཁན་གྱི་འབྲོག་མོ་ཆུང་ཆུང་དེ་ངུས་བྱུང་། ངས་ཁོ་མོའི་ངུ་ཁ་བཅད་དེ་ངུ་དགོས་པའི་རྒྱུ་མཚན་འདྲི་དུས། ཁོ་མོས་ཕྱིར་ང་ལ་ངའི་ཨ་ཕ་ཞོགས་པ་སྔ་མོ་ནས་ཁྲི་ཀ་རྫོང་འཕྲང་དམར་ཞང་ཐོག་ཏུ་བུད་སོང་བ་དང་། ཨ་ཕ་འགྲོ་ཁར་ང་སློབ་གྲྭ་འགྲོ་སྤྱད་ཀྱི་སྒོར་མོ་འཇོག་རྒྱུ་བརྗེད་སོང་། ཕྱུགས་འཚོ་བཞིན་པའི་ངའི་ཨ་མས་ང་ལ་བློ་བསླབས་ཏེ། འོ་མ་འགྱིག་དུམ་འདི་འཁྱེར་ཏེ་ཞོ་བཙོང་ཁང་དེར་ཚོངས་དང་། འོ་མ་འགྱིག་དུམ་འདིས་སྒོར་མོ་བཅུ་གཉིས་དང་སྒོར་ཟུར་ལྔ་ཁུགས་ངེས་ཡིན་ལ། འོ་མ་བཙོང་བའི་རིན་འབབ་དེས་ཁྱོད་ཀྱི་ཟླ་གཅིག་གི་འཚོ་བའི་འགྲོ་གྲོན་བྱ་དགོས་ཞེས་སྐྱོ་ཉམས་འདྲེས་མའི་སྒོ་ནས་བཤད་བྱུང་། བུ་མོ་ཆུང་ཆུང་དེའི་གནས་སྟངས་ཀྱིས་ང་ལ་འདང་རྒྱག་མང་པོ་བྱིན་སོང་། གཅིག་ནས་དེང་རབས་ཀྱི་བོད་མི་ཚོང་བ་ཞིག་ཡིན་ན། ཚོང་ཁང་ཆུང་ཆུང་ཞིག་བཟུང་ནས་ཉོ་བདག་ཚུར་ཨེ་ཡོང་ཁོ་ནར་སྒུག་ནས་བསྡད་ན་དོན་དག་ཆུང་གི དེ་ལས་ཚོང་ཁང་དང་ཚོང་རྫས་ཀྱི་རྒྱ་ནང་ནས་ཕྱིར་ཁྲོམ་ར་ཆེ་གྲས་སུ་བསྐྱེད་ཨེ་ཐུབ་ལ་འབད་ན་ཚོང་གི་ལམ་ཁ་ཟིན་རྒྱུ་རེད་ལ། གཉིས་ནས་རང་བྱུང་གི་གནས་སྟངས་ཁོ་ནའི་འོག་ནས་བོད་རང་གི་མར་དང་འོ་མ་སོགས་ཀྱི་ཚོང་བྱས་ན། ཚོང་ལམ་དེ་བརྟན་པོ་ཞིག་མ་རེད། རྒྱུ་མཚན། ཞོ་དང་འོ་མ་ནི་གནམ་གཤིས་ཚ་བ་ཆེ་དུས་བྲིན་པ་ཞིག་མ་གཏོགས། ཆར་ནང་དང་གནམ་ངོ་ཅུང་འཁྱགས་དུས་ཞོ་ཉོ་མཁན་ཇེ་ཉུང་དུ་བུད་འགྲོ དེ་བས་ངེས་པར་དུ་སྲོལ་རྒྱུན་གྱི་ཆིག་རྐྱང་བའི་ཚོང་ལས་བྱེད་ཐབས་འདི་བསྒྱུར་ནས་ཅུང་བརྟན་འཇགས་ཅན་དང་ཁྱབ་ཆེ་གྲས་ཅན་གྱི་ཚོང་གཉེར་མ་ལག་ཅིག་འཛུགས་རྒྱུ་ནི་གལ་འགངས་ཆེ་ཤོས་རེད་ཨང་སྙམ་པའི་མོད་ལ། ཞོ་དང་འོ་མའི་ཐོན་ལས་གསར་སྐྲུན་གྱི་ལམ་ཁ་འདི་བསྙེག་ན་སྙམ་པའི་ཀུན་སློང་ཐོག་མ་དེ་གཏམ་རྒྱུད་དེ་ལྟ་བུ་ཞིག་ལ་རྐྱེན་བྱས་ནས་སྐྱེས་བྱུང་ཟེར།

ཡང་ཁོས་མུ་མཐུད་དུ་བཤད་རྒྱུར། ཀུན་སློང་དེ་ལྟ་བུ་ཞིག་ཡོད་དོན་གྱི་རྒྱུ་རྐྱེན་གཞན་ཞིག་ནི། ཐེངས་ཤིག་གཅན་ཚ་རྫོང་སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་ས་གནས་ཀྱི་ཁྱད་ཐོན་དངོས་རྫས་འགྲེམ་སྟོན་བྱེད་སའི་བྱ་འགུལ་ཞིག་ཐེན་ཅིན་ནས་སྤེལ་ཞིང་། ཐེངས་དེར་ངས་ཞོ་རྒྱ་མ་ཅུང་མང་པོ་ཞིག་འཁྱེར་ནས་འགྲེམ་སྟོན་བྱ་འགུལ་སྟེང་ནས་བཙོང་བ་ཡིན་མོད། ངའི་ཞོ་སྟེ་བོད་རང་གི་སྲོལ་རྒྱུན་བསྙལ་ཐབས་ལས་བྱུང་བའི་གྱི་ཞོ་ཉོ་མཁན་མང་པོ་མེད་གི  གཅིག་ནས་ཚོང་གི་ཁ་གཏོད་ཡུལ་རྒྱ་ནང་ཡིན་སྟབས། བོད་ཀྱི་སྲོལ་རྒྱུན་ཞོ་རྒྱ་མི་ཚོར་མཚོན་ན་ཅུང་སྐྱུར་ཆེ་བའི་སྣང་བ་ཡོད་གི གཉིས་ནས་ཁོ་ཚོས་ཁ་ནས་ཁྱོད་ཚོ་མདོ་དབུས་མཐོ་སྒང་ནས་ཐོན་པའི་ཐོན་རྫས་ཚང་མ་དག་མ་ཡིན་ནི་རེད་ཟེར་མོད། དོན་གྱིས་ཉོ་མཁན་མང་པོ་མི་འདུག  འགྲེམ་སྟོན་བྱེད་སྒོ་ཚར་ནས་ཕྱིར་ལོག་ཁར། ང་ཚོའི་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱིས་ང་ལ། རབ་བརྟན། ཁྱོད་ཀྱིས་ཞོ་བཙོངས་པ་ག་འདྲ་རེད་ཟེར། ངས་ཕྱིར་འགོ་བ་ལ་ཞོ་ཡོད་ཚད་ལྷག་ལུས་མེད་པར་བཙོངས་ཚར་ཞེས་རྫུན་ལབ་པ་ཡིན། དྲང་མོར་བཤད་ན། སྐབས་དེར་ཞོ་མང་ཆེ་བ་བཙོང་མ་ཚར་བར་ལྷག་སོང་། གཅིག་ནས་རང་རེའི་སྲོལ་རྒྱུན་གྱི་ཞོ་འདི་ཉི་མ་ཅུང་ཙམ་འགོར་ན་རུལ་འགྲོ་བ་དང་། གཉིས་ནས་ཞོ་བཙོང་སྤྱད་ཀྱི་སྣོད་ཀྱང་ཆེ་སོང་བར་སྣང་། རྒྱ་མི་ཚོར་མཚོན་ན། སྟབས་བདེ་དང་རང་གི་ཡི་ག་དང་འཚམ་པའི་ཞོ་ཆུང་ཆུང་མཁོ་བ་ལས། འུ་ཅག་གི་ཞོ་སྣོད་ཆེ་གྲས་དེ་རིགས་མཁོ་དོན་མེད་པ་ལྟ་བུའི་སྣང་བ་ཞིག་སྐྱེས་བྱུང་། དེ་ལྟར་ངས་ཤུལ་གྱི་ཞོ་མང་ཆེ་བ་འགྲེམ་སྟོན་བྱེད་གནས་ནས་བཞག་སྟེ་ཕྱིར་ཡུལ་ལ་ལོག་པ་ཡིན། ཐེངས་འདིའི་ཕམ་ཁ་ལས་ང་ལ་ཞོ་ཐོན་སྐྱེད་བྱེད་སའི་ཀུང་ཟི་ཆེ་ཞིག་བཙུགས་ཏེ། ཚོང་རྫས་རྒྱལ་ཡོངས་ལ་ཁྱབ་ཐུབ་པ་ཞིག་བྱ་དགོས་འདུག་སྙམ་པའི་བློ་དེ་སྐྱེས་བྱུང་། དེ་འཕྲལ་ངས་དངུལ་ཁང་ནས་ཁང་པ་གསུམ་དང་མི་ལྔ་ལྷག་གཏའ་མར་བཞག་སྟེ། སྒོར་མོ་ས་ཡ་གཉིས་ཙམ་བསྐྱིས་ཏེ། ད་ལྟའི་གཅན་ཚ་ནོར་གཡང་ཀུང་ཟི་འདི་བཙུགས་པ་ཡིན་ཟེར།

ཀུན་སློང་ཡག་པོ་ཞིག་གིས་རྐྱེན་བྱས་ཏེ་ལས་འདི་འདྲ་ཞིག་གཉེར་བའི་ལམ་སྣེར་འཇུས་ཟིན་ནའང་།  ཐོག་མའི་ཕུགས་འདུན་ཡག་པོ་འདི་འགྲུབ་པར་འགན་འཁྲི་ལྕི་མོ་ཞིག་དང་བློས་གཏོང་ཆེན་པོ་ཞིག་ཡོད་དགོས་པ་ནི་བློས་དཔོག་ན་ཤེས་ཐུབ། དེ་ལྟར་ཀུང་ཟི་འཛུགས་པར་འཆར་འགོད་དང་ཐོན་རྫས་ཀྱི་ཚོང་རྟགས་ལེན་པ། བོད་རང་གི་ས་གནས་ཀྱི་ཞོ་ལས་སྣོན་བྱེད་པར་འཚམ་པའི་སྒྲིག་ཆས་ཆ་ཚང་ཉོ་བ། ཚོང་རྟགས་ཇུས་འགོད་བྱེད་པ་སོགས་དོན་ཆེ་མ་ཆུང་གསུམ་ཚང་མ་རྒྱ་ནང་དུ་སོང་ནས་རྒྱུས་ལོན་བྱེད་རྒྱུ་ལས་བྱ་ཐབས་བྲལ། གཅིག་ནས་ཁོའི་ཕ་རྒན་དང་ཁོའི་བར་ལྟ་ཚུལ་མི་མཐུན་བྱུང་བར་རྐྱེན་བྱས་ཏེ་དཀའ་ཁག་ལ་འཕྲད་པ་དང་། གཉིས་ནས་ཁོ་ལ་མཚོན་ན་ཞོ་དང་འོ་མའི་ཐོན་ལས་གསར་འབྱེད་ཀྱི་ལམ་ཁ་འདི་ཧ་ཅང་རྒྱུས་མེད་དང་འདྲིས་ཆ་མེད་པའི་དབང་གིས། དཀའ་ཁག་མི་ཉུང་བ་ཞིག་ལ་འཕྲད་དེ་དཀའ་བ་མང་པོ་གདོང་གིས་བསུས། ཁོའི་མཉམ་འབྲེལ་བྱེད་ཡུལ་གྱི་གྲོང་ཁྱེར་ཆེ་གྲས་ཀྱི་ཕ་རོལ་བ་དེས་ཚོང་རྟགས་ཇུས་འགོད་དང་ཚོང་རྫས་ཀྱི་མ་དཔེ་བཟོ་བ། སྒྲིག་ཆས་ཉོ་བསྡུ་སོགས་ཀྱི་ཐད་ནས་སྒོར་ཁྲི་བཅུ་ཡས་མས་ཤིག་གཡོ་འཕྲོག་བྱས་སོང་བ་ཤེས་ནའང་། ད་ལྟའི་གཅན་ཚ་ནོར་གཡང་ཀུང་ཟི་འདི་མ་འགྲུབ་ཀྱི་བར་དུ་ཁོས་ཤེས་བཞིན་དུ་མ་ཤེས་ཁུལ་བྱས་ནས་ཨམ་གཙིགས་བསྡམས་ཏེ་སྡུག་ཅི་ཡོད་ཁོག་ལ་མིད་ནས་བསྡད། རྒྱུ་མཚན། སྐབས་ཐོག་དེར་སྒྲིག་ཆས་དང་ལྷུ་ལག་ནང་འདྲེན་གྱི་གན་རྒྱ་ཡོད་ཚད་བཞག་ཚར་ཡོད་པས།

དེ་ལྟར་དཀའ་སྡུག་གི་ལམ་པ་རིང་མོ་ཞིག་བརྒྱུད་མཐར། གཞི་ནས་ད་ལྟའི་གཅན་ཚ་ནོར་གཡང་ཀུང་ཟིའི་རྣམ་པ་རྒྱ་ཆེ་བ་འདི་ལྟ་བུ་ཞིག་བྱུང་བ་རེད། གཅན་ཚ་ནོར་གཡང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟི་ནི། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པའི་ནང་དངོས་སུ་གཅན་ཚ་རྫོང་ཐོག་ནས་བཙུགས་པ་དང་། ཀུང་ཟིའི་ཚོང་གཉེར་ཁྱབ་ཁོངས་སུ་བཞོན་མ་གསོ་སྤེལ་དང་འོ་མ་ཉོ་བསྡུ། ཞོ་དང་འོ་མ་ལས་སྣོན་ཉོ་ཚོང་བཅས་ཡོད་ཅིང་། ཀུང་ཟིའི་ཐོ་འགོད་མ་དངུལ་སྒོར་ས་ཡ་གཅིག་ཙམ་དང་། ཀུང་ཟིའི་ནང་དུ་ལས་བཟོ་བ་མི་བཅོ་ལྔ་ཡོད།  ཀུང་ཟིའི་ནང་གི་སྒྲིག་ཆས་ཚང་མ་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་ལ་སླེབས་ཡོད་ཅིང་། ཞོ་དང་འོ་མ་ལས་སྣོན་གྱི་བརྒྱུད་རིམ་ཆ་ཚང་ཡང་དེང་རབས་འཕྲོད་བསྟེན་གྱི་ཚད་གཞིར་ལོན་ཡོད་པ་ལས་གཞན། ཁྲོམ་རའི་དགོས་མཁོ་དང་ཧ་ཅང་འཚམ་པོ་བྱུང་ཡོད།

ནོར་གཡང་ཀུང་ཟི་གཅན་ཚ་རྫོང་ཐོག་ཏུ་བཙུགས་པ་ནས་བཟུང་། རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་ཐོབ་པར་བརྟེན་ནས། ད་ཆ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་སྔར་ལས་འཐུས་ཚང་ཅན་དུ་ཕྱིན་པ་དང་། ཐོན་ལས་གཞི་ཁྱོན་སྔར་ལས་ཆེ་རུ་ཕྱིན་ཡོད། མིག་སྔར་གཅན་ཚ་རྫོང་ཐོག་ན་ནོར་གཡང་གི་ཞོ་ཆེད་ཚོང་ཁང་གསུམ་ཡོད་ཅིང་། ནོར་གཡང་ཀུང་ཟིས་ཟླ་རེར་འོ་མ་རྒྱ་མ་སྟོང་གཉིས་དང་བཞི་བརྒྱ་ལྷག་དང་ཞོ་སྣོད་ཆུང་གྲས་སྟོང་གཉིས་དང་དགུ་བརྒྱ་ཙམ་ལས་སྣོན་བྱས་ཏེ། ཕྱིར་བཙོང་བྱས་པ་ལས་ཡོང་འབབ་སྒོར་འབུམ་གཅིག་དང་ཁྲི་བདུན་ཙམ་སྐྲུན་གྱིན་ཡོད། དུས་མཚུངས་སུ། ས་གནས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཉི་ཤུ་ལྷག་དབུལ་ཐར་འབྱུང་བར་སྣེ་ཁྲིད་བྱས་ནས། དབུལ་ཕོངས་ཁྱིམ་ཚང་གི་ཁྱིམ་མི་མི་ཉུང་བ་ཞིག་ལ་ཀུང་ཟིའི་ནང་ནས་ལས་ཀ་བཀོད་སྒྲིག་བྱས་ཏེ། ཁོ་ཚོ་སྔ་མོ་ནས་དབུལ་ཐར་འབྱུང་བར་རོགས་དན་གང་མང་བྱས་ཡོད།

མ་འོངས་པར་ནོར་གཡང་ཀུང་ཟིས་བོད་ཀྱི་ཞོ་དང་འོ་མ་ལས་སྣོན་ཐོན་ལས་ཀྱི་ལམ་བུ་ལེགས་པོ་ཞིག་འཚོལ་བར་འབད་འབུངས་བྱས་ནས། གཅན་ཚ་རྫོང་གི་ཐོན་ལས་གསུམ་པ་མགྱོགས་མྱུར་ངང་འཕེལ་བར་ནུས་པ་གང་ལེགས་འདོན་འཆར་ཡོད་དོ། །


གསར་འགོད་པ། ཨ་བརྟན་རྒྱལ་དང་བན་དེ་སྐྱབས།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།