རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་གཉིས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ།
2019.12.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 75

ཉེ་ལམ།   རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཡིག་ཆ་ཁྱབ་བསྒྲགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་གཉིས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་གྲོང་ཁྱེར་དུ་མིང་བཏགས།

ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན།   རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་མིང་འདོགས་པའི་སྐོར་གྱི་ཐག་གཅོད་ལས་བསྟན་དོན།   རྨ་ལྷོ་ཁུལ་གྱི་ལག་ལེན་ལས་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་གསར་གཏོད་ལམ་བུ་ཞིག་འཚོལ་ཞིབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་བཞག་པ་དང་།   རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གསར་གཏོད་འཕེལ་རྒྱས་ཐད་ལ་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས་ཡོད།  རེ་བ་ཡིན་ན།  རྨ་ལྷོ་ཁུལ་གྱིས་ཐེངས་འདིར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་མིང་བཏགས་པ་དེ་མགོ་རྩོམ་ས་གསར་བ་བྱས་ཏེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་དགོས་པ་དང་།   དཔེ་སྟོན་ཁུལ་གྱི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱུན་མ་ཆད་པར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་བྱེད་ཐབས་གསར་སྐྲུན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བ་དང་།  བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ།   ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མུ་མཐུད་དུ་འབད་བརྩོན་བྱེད་དགོས།   ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།  རྨ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་ལྟར་བོད་ཁུལ་སྐྱོང་བའི་འཐང་ཇུས་མཛུབ་སྟོན་དུ་བྱས་ཏེ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་བཏང་བར་མ་ཟད།   མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་སྐུལ་འདེད་བཏང་སྟེ་བོད་ཁུལ་གྱི་ཁྱད་ཆོས་ལྡན་པ་དང་རྨ་ལྷོའི་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བགྲོད་ལམ་ཞིག་ཏུ་ཆས་ཟེར།

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན།   རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་ཤར་གྲོང་ཁྱེར་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་དུ་མིང་འདོགས་པའི་སྐོར་གྱི་ཐག་གཅོད་ལས་བསྟན་དོན།   མཚོ་ཤར་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་བྱ་བ་སྤེལ་བའི་ཚུན་ལ།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་བྱེད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ལ།   མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་འགན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།   མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་དམ་ཏུ་དམིགས་ནས་གསར་སྐྲུན་སྒྲིག་གཞིའི་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་བ་དང་།    ཐོག་མཐའ་བར་གསུམ་ཀུན་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པའི་མགོ་རྩོམ་ས་དང་རྐང་འཛུགས་ས་དེ་མགྱུགས་མྱུར་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་བཞག་པར་མ་ཟད།  འཐེན་ཐུག་ཐོན་ལས་སོགས་དམངས་ཚིས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་ཁྱད་ལྡན་ཐོན་ལས་སྐོར་ཞིག་གསོ་སྐྱོང་བྱས་ཏེ་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་མཐོར་འདེགས་བཏང་བ་དང་།   གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་སྟོབས་ཤུགས་ཇེ་དྲག་ཏུ་བཏང་།     ཉིས་སྟོང་བཅུ་གསུམ་ལོའི་ཚུན་ལ།   མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་ཀུན་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་རྒྱུ་དེ་འཐབ་ཇུས་རང་བཞིན་དང་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་ཞིག་དང་།  སྤྱི་ཡོངས་དང་གཞི་རྩར་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བརྩིས་ཏེ་གྲོང་ཁྱེར་གྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་བཏང་བ་དང་།  ལྷག་པར་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་བྱས་པའི་ཚུན་ལ།    གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ལངས་གནས་མཐོ་བའི་སྒོ་ནས་འཆར་འགོད་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་།  གྲོང་ཁྱེར་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཆོས་ལུགས་འཆམ་མཐུན་མཉམ་གནས།  དཔལ་འབྱོར་བདེ་ཐང་འཕེལ་རྒྱས།   སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཀྱི་སྣང་ཚུལ་བཟང་བོ་མངོན་ཡོད་ཟེར།