བོད་ལུགས་གསོ་རིག་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི་ཐོག་མ་མཚོ་སྔོན་སློབ་ཆེན་ནས་བཙུགས།
2019.12.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 140

མཚོ་སྔོན་སློབ་ཆེན་གྱིས་བོད་ལུགས་གསོ་རིག་རྒྱལ་སྤྱིའི་མཉམ་ལས་རྟེན་གཞིའི་སྒོ་བྱང་སྟེང་གི་ཡོལ་རས་ལེན་པའི་མཛད་སྒོ་སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་མཚོ་སྔོན་སློབ་ཆེན་རིག་གཞུང་སྙན་ཞུའི་ཚོམས་ཆེན་དུ་སྤེལ།


ཉེ་བའི་ལོ་ཉི་ཤུ་ལྷག་གི་རིང་ལ། མཚོ་སྔོན་སློབ་སློབ་ཆེན་གྱིས་བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་བརྗེ་རེས་ཐད། རྒྱལ་སྤྱིའི་རིག་གཞུང་གྲོས་ཚོགས་ཐེངས་དྲུག་ལ་བསྡུས་པ་དང་། ཨ་རིའི་ཅ་ཀྲིག་སློབ་ཆེན་ལོ་ཧྲན་ཅི་ཡན་ལག་སློབ་གྲྭ་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིབ་འཇུག་སློབ་མ་ཆེད་དོན་གསོ་སྦྱོང་ཐེངས་བརྒྱད་ལ་སྤེལ་པ་དང་། འབུམ་རམས་པ་ཕྱི་རྒྱལ་དུ་སློབ་སྦྱོང་ལ་མངགས་པའི་མི་ཐེངས་ཉི་ཤུ་ལ་སླེབས། དགེ་རྒན་རྣམས་རྒྱལ་ཁབ་ཕྱི་ནང་དུ་གསོ་སྦྱོང་དང་ལས་གཞི་མཉམ་ལས་སྒོས་ཞིབ་འཇུག་བྱེད་པ། གྲོས་ཚོགས་དང་གསོ་སྦྱོང་ལ་ཞུགས་པ་སོགས་ཀྱི་མི་ཐེངས་ཉིས་བརྒྱ་བཅོ་བརྒྱད་ལ་སླེབས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་མཚོ་སྔོན་སློབ་ཆེན་དུ་བརྗེ་རེས་དང་སློབ་སྦྱོང་དུ་ཡོང་པའི་མི་གྲངས་ལྔ་བརྒྱ་ལྷག་ལ་སླེབས་པ་དང་། གཞན་རྒྱལ་སྤྱིའི་མིང་གྲགས་ཅན་གྱི་དུས་དེབ་སྟེང་བཀོད་པའི་དཔྱད་རྩོམ་གྱི་ཁ་གྲངས་ཀྱང་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་མཆིས།

ཐེངས་འདིའི་ཚོགས་ཐོག་ཏུ་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ་རྣམས་ཀྱིས་མ་འོངས་པའི་འཆར་འགོད་ཀྱི་ཐད་ནས་གཏམ་བཤད་གནང་། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། དུས་རིམ་རྗེས་མར་མུ་མཐུད་དུ་ཀྲུང་ལུགས་གསོ་རིག་གི་རྒྱུད་གཅིག་ལམ་གཅིག་འཕེལ་རྒྱས་འཆར་འགོད་ལག་བསྟར་དོན་འཁྱོལ་བྱས་ཏེ། ཡོ་རོབ་གླིང་དང་ཨ་མེ་རི་ཁ་སོགས་ཀྱི་བོད་ལུགས་གསོ་རིག་གི་ཁྱབ་ཁོངས་སུ་བརྗེ་རེས་མཉམ་ལས་བྱས་ཏེ། དུས་ཡུན་ཐུང་ངུའི་ནང་དུ་གསབ་སྦྱོང་བྱེད་པའི་བྱ་བ་དེ་དངོས་གཞི་རིམ་པ་ནས་འབུམ་རམས་པའི་བར་དུ་ཁེབས་པར་བྱེད་དགོས་པ་དང་། འཇར་པན་དང་ཨ་མེ་རི་ཁའི་བོད་ལུགས་གསོ་རིག་རྒྱལ་སྤྱིའི་བརྗེ་རེས་ལྟེ་གནས་སོགས་དང་སྔར་ནས་འབྲེལ་བ་ཡོད་པའི་རྨང་གཞིའི་སྟེང་། བོད་ལུགས་གསོ་རིག་རྒྱལ་སྤྱིའི་བརྗེ་རེས་ལས་མཚོ་སྔོན་གྱི་རྣམ་པ་གསར་བ་གསར་འཛུགས་བྱེད་དགོས་ལ། བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་སྨན་བཅོས་དང་སློབ་གསོ། ཚན་རིག་ཞིབ་འཇུག རིག་གནས། ཐོན་ལས། ཞབས་ཞུའི་ཉོ་འཚོང་། ཡུལ་སྐོར་སོགས་ཀྱི་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་འཛུགས་སྐྲུན་བྱས་ཏེ། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་ཁྱད་འཕགས་རིག་གནས་དར་སྤེལ་དང་། རྒྱལ་ཁབ་ཀྱི་སྤྱི་ཕྱོགས་ཕྱི་འབྲེལ་འཐབ་ཇུས་ལ་ཞབས་ཞུ་སྒྲུབ་ནས། བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་བརྗེ་རེས་ཀྱི་ཀྲུང་གོའི་རྨི་ལམ་མངོན་འགྱུར་བྱེད་དགོས་ཟེར།

མཚོ་སྔོན་སློབ་ཆེན་གྱིས་བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི་བཙུགས་པའི་སྒོ་བྱང་གི་ཡོལ་རས་དངོས་སུ་ཕྱེས་པ་དེས་མ་འོངས་པར་སྔར་ལས་འོད་སྟོང་ལྡན་པའི་བོད་ལུགས་གསོ་རིག་གི་བསྟན་པ་འཛམ་གླིང་ལ་མཆེད་ཅིང་། གཡུ་ཐོག་ཕྱག་བརྒྱུད་ཀྱི་གདམས་པས་འཛམ་པོ་གླིང་གི་མིའི་རིགས་ཀྱི་ལུས་ནད་སེལ་པའི་བྱང་སེམས་ཀྱི་གཤོག་རུ་མཁའ་རུ་བརྐྱངས་ཏེ། ཡན་ལག་བརྒྱད་ཀྱི་བརྗོད་བྱའི་བྱིན་རླབས་མ་ལུས་འཛམ་གླིང་ཤེས་རིག་གི་ཁྲོད་དུ་ལྷམ་མེར་འཚེར་པའི་ཐད་ནུས་པ་བླ་ལྷག་འདོན་ཐུབ་པ་ཡིན་ལ། ལས་གཞི་དེ་དག་གི་འཕྲིན་ལས་ཀྱིས་དུས་རབས་གསར་པའི་བོད་ལུགས་གསོ་བ་རིག་པའི་རྒྱུན་འཛིན་དང་དར་སྤེལ་ཕྱོགས་སུ་སྔ་ན་མེད་པའི་མཐུན་རྐྱེན་སྦྱར་པའི་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།