པད་མ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བ་གཏིང་ཟབ་ཏུ་སྤེལ།
2019.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

དབུལ་ཐར་མཁྲེགས་གཏོར་དངོས་སུ་སྤེལ་བ་ནས་བཟུང་།  མགོ་ལོག་ཁུལ་པད་མ་རྫོང་གིས་ཆད་ལུས་མེད་པའི་སྒོ་ནས་འབྲེལ་ཡོད་གཏན་ཁེལ་ཡོངས་གྲུབ་བྱས་པར་མ་ཟད།  རྫོང་ཡོངས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་དང་ཁུལ་ཁོངས་འཕེལ་རྒྱས།  སྐྱེ་ཁམས་སྲུང་སྐྱོབ།  མི་རིགས་མཐུན་སྒྲིལ།  མི་རིགས་རིག་གནས།  དམར་པོའི་ཡུལ་སྐོར།   སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་འདྲ་བའི་ཆ་འཚོལ་ཞིབ་བྱས་ནས་དབུལ་ཐར་མཁྲེགས་གཏོར་དང་བྱ་བ་གཞན་པ་མཉམ་བསྲེས་བྱེད་པའི་བྱ་བའི་རྣམ་པ་གསར་སྐྲུན་བྱས་པ་དང་།  དབུལ་ཐར་མཁྲེགས་གཏོར་དང་རིགས་སོ་སོའི་བྱ་བ་གཙོ་བོ་མཉམ་བསྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ་དབུལ་ཐར་མཁྲེགས་གཏོར་བྱ་བར་ཁྱད་ཆོས་ཡོད་པ་དང་ཕན་ནུས་ཡོད་པར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།  པད་མ་རྫོང་གིས་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ཏེ་ཁུལ་ཁོངས་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་།   ཡུལ་གཞན་གནས་སྤར་དེ་ཞང་དང་གྲོང་རྡལ།  རྫོང་ཁོངས་སུ་གཅིག་བསྡུས་བྱས་ལ།  མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་སྟེ་ལྗང་མདོག་ཞིང་ནགས་དབུལ་སྐྱོར་ཐོན་ལས་གླིང་སོགས་འཛུགས་སྐྲུན་བྱས་ཏེ་བསྡོམས་པས་དབུལ་ཕོངས་ཁྱིམ་ཚང་བཞི་བརྒྱ་ལྷག་ཐོན་ལས་ངལ་རྩོད་ཁྲོད་ཞུགས་པ་རེད།  རིགས་སོ་སོའི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལེགས་སྒྲིག་བྱས་ཏེ་སྐྱེ་ཁམས་དང་འགྲིམ་འགྲུལ།   གློག་ཤུགས།   དབུལ་སྐྱོར།  ཆུ་བེད་འཛུགས་སྐྲུན་སོགས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་ཐུན་ཞབས་ཞུའི་ལས་གཞི་ལག་བསྟར་བྱས་ཏེ་མི་ཕྱུགས་ཀྱི་བདེ་འཇགས་འཐུང་ཆུ་མངོན་འགྱུར་བྱས་པ་དང་།   རྫོང་དང་ཞང་།  སྡེ་བ་བཅས་རིམ་པ་གསུམ་གྱི་དྲ་རྒྱ་དང་ཐོན་སྐྱེད་འཚོ་བའི་གློག་བཀོལ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས།

པད་མ་རྫོང་གིས་དམིགས་བསལ་གྱི་ཐོན་ཁུངསདགེ་མཚན་ལ་བརྟེན་ནས་རྫོང་ཁོངས་ཀྱི་རིགས་མི་འདྲ་བའི་ཁུལ་ཁོངས་བྱེད་ནུས་གཞིར་བཟུང་སྟེ་སྨར་ཁོག་ཆུ་བོའི་བཞུར་རྒྱུན་དང་རྡོ་ཁོག་ཆུ་བོའི་བཞུར་རྒྱུན་གཉིས་འདེབས་འཛུགས་ཁུལ་དང་གསོ་སྤེལ་ཁུལ་དུ་གཏན་ཁེལ་བྱས་པ་དང་། བོད་ཀྱི་རིག་གནས་ཐོན་ལས་ཁུལ་གྱི་དགེ་མཚན་ལ་བརྟེན་ནས་ཐང་ཀ་དང་གེ་སར་སྒྱུ་རྩལ་སོགས་མགྱོགས་མྱུར་འཕེལ་རྒྱས་བཏང་བར་མ་ཟད།  པད་མའི་བོད་ཀྱི་ཟློས་གར་སོགས་རྒྱལ་ཡོངས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ཁྲོད་དུ་ཡིག་ཐོག་སྙན་ཞུ་བྱེད་པ་ལེགས་འགྲུབ་བྱུང་།

དེར་མ་ཟད།  པད་མ་རྫོང་གིས་ཕུན་སུམ་ཚོགས་པའི་དམར་པོའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་འཆར་འགོད་དང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་།   རྫོང་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་དང་ཐོན་ལས་གསུམ་པ་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་དབུལ་ཕོངས་མང་ཚོགས་ཧུར་ཐག་གིས་དེའི་ཁྲོད་དུ་ཞུགས་པར་སྐུལ་སློང་དང་སྣེ་ཁྲིད་བྱས་ལ།  བཅའ་ཁྲིམས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་བཅའ་་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་།  སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བརྩི་བ་དང་ཁྲིམས་སློབ་པ།  ཁྲིམས་སྲུང་བ།  ཁྲིམས་བཀོལ་བའི་སྣང་ཚུལ་བཟང་བོ་གྲུབ་པར་བྱས།