མེ་ཏོག་བཞིན་བཞད་ཅིང་ཡག་པའི་ན་ཆུང་གཞོན་ནུའི་ཚོགས་ཀྱིས་ལང་ཚོའི་གཟི་དཔལ་རབ་ཏུ་ངོམ་ཤིང་། རོལ་དབྱངས་སྒྱུ་རྩལ་ལ་དུངས་ཤིང་བྱང་བའི་འཇོན་ཐང་ལྷག་ལུས་མེད་པར་རྒྱ་ཆེའི་ལྟ་མཁན་རྣམས་ཀྱི་མིག་གི་ལོངས་སྤྱོད་དང་སེམས་ཀྱི་བདེ་སྐྱིད་དུ་དྲངས་པ་ན། ཚོགས་ཕེབས་ཀྱི་ལྟད་མོ་བ་རྣམས་ཀྱིས་ན་ཆུང་གཞོན་ནུ་དག་གི་ལེགས་སྐྱེས་ངོ་མཚར་བ་དེ་ལ་དགའ་བསུ་དང་སྨོན་པ་ཚད་མེད་བྱས་སོང་།
ཟླ12པའི་ཚེས22ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་བྱ་འགུལ་ལྟེ་གནས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་གཙོད་ཆུང་རོལ་ཚོགས་ཀྱི་འཁྲབ་སྟོན་པ་ཆུང་ཆུང་རྣམས་ཀྱིས་འཁྲབ་སྟོན་བྱས་པའི་མཚོ་སྔོན་ན་ཆུང་གཞོན་ནུའི2020ལོའི་གནམ་ལོ་གསར་པའི་རོལ་དབྱངས་སྤྲོ་ཚོགས་ཚོགས་ཤིང་། འཁྲབ་སྟོན་པ་དང་ལྟད་མོ་བ་མི་གྲངས་སྟོང་གཅིག་ཙམ་གཅིག་ཏུ་འདུས་ནས་དགའ་འཛོམས་དཔལ་ལ་རོལ་ཞིང་། རོལ་དབྱངས་སྤྲོ་ཚོགས་དེ་མེ་ཏོག་དང་གཞོན་ནུ་ཞེས་པའི་དམངས་གཞས་སྤྲོ་དགའི་ཉམས་ཀྱིས་ཕྱུག་པའི་འགྱུར་ཁུགས་ཁྲོད་མགོ་བརྩམས།
ཀྲུང་གོའི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། མི་རིགས་མཚར་སྡུག་རོལ་དབྱངས་རྒྱུད་འཛིན་ཁྱབ་སྤེལ། ན་ཆུང་གཞོན་ནུའི་རིག་གནས་རང་རྟོན་འབྱིན་པ། ན་ཆུང་གཞོན་ནུའི་ཀྲུང་ཧྭ་མི་རིགས་ཀྱི་སྲོག་གཅིག་འདུ་ཤེས་ཧུར་ཐག་གིས་གསོ་ཆེད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཨུའི་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་བྱ་འགུལ་ལྟེ་གནས་ཀྱིས་འགན་སྒྲུབ། ཟི་ལིང་གྲོང་ཁྱེར་དབྱིན་ཚེ་སློབ་གྲྭས་རོགས་སྒྲུབ། ཟི་ལིང་གྲོང་ཁྱེར་ཧོང་ཁྲོན་སློབ་འབྲིང་གིས་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་ན་ཆུང་གཞོན་ནུའི2020ལོའི་གནམ་ལོ་གསར་པའི་རོལ་དབྱངས་སྤྲོ་ཚོགས་དེ་ཚོགས་ཤིང་། ཆུ་ཚད་མཐོན་པོའི་ན་ཆུང་གཞོན་ནུའི་རོལ་དབྱངས་སྤྲོ་ཚོགས་འདི་བརྒྱུད་ནས། རང་ཞིང་ཆེན་གྱི་རིགས་སོ་སོའི་ན་ཆུང་གཞོན་ནུ་བྱིས་པ་རྣམས་ཀྱིས་རིག་གནས་སྒྱུ་རྩལ་གྱི་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་སྟོན་པ་དང་། ཁྱད་འཕགས་སྒྱུ་རྩལ་གྱི་འཁྲབ་སྟོན་དང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུད་འཛིན་ཕྱོགས་ནས། དེང་རབས་མཚོ་སྔོན་ན་ཆུང་གཞོན་ནུའི་གཟི་དཔལ་དེ་སྟོན་པ་རེད།
ཐེངས་འདིའི་མཚོ་སྔོན་ན་ཆུང་གཞོན་ནུའི2020ལོའི་གནམ་ལོ་གསར་པའི་རོལ་དབྱངས་སྤྲོ་ཚོགས་སྟེང་གི་འཁྲབ་སྟོན་པ་མང་ཆེ་ཤོས་ནི། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་བྱ་འགུལ་ལྟེ་གནས་དང་། ཟི་ལིང་གྲོང་ཁྱེར་དབྱིན་ཚེ་སློབ་གྲྭར་རོལ་ཆ་དང་རོལ་དབྱངས་གཞུང་ལུགས་ལ་སློབ་སྦྱོང་བྱས་པའི་འཁྲབ་སྟོན་པ་ཆུང་ཆུང་དག་ཡིན་ལ། ཁོ་ཚོས་ཧོང་ཁྲོན་སློབ་འབྲིང་དམངས་དབྱངས་རོལ་ཚོགས། ཆེད་ལས་རོལ་ཚོགས་ཀྱི་མི་འགའ་དང་ལྷན་དུ་སྟེགས་བུ་གཅིག་བརྒྱུད་ནས་འཁྲབ་སྟོན་བྱས། ལྟད་མོ་བ་རྣམས་ལ་དམངས་དབྱངས་རོལ་ཆས《མེ་ཏོག་དང་གཞོན་ནུ། 》《བ་སྤུ་མེ་ཏོག》དཀྲོལ་ཞིང་། ཨར་ཧུའུ་ཡིས《རྟ་རྒྱུག》དཀྲོལ་ཞིང་། ཕང་འགྲོ་དང་རྒྱུད་མངས་གཉིས་སྡེབ་ཀྱིས《གཙང་པོ་དང་མེ་ཏོག་གི་མཚན་མོ》དཀྲོལ་ལ། རྒྱུད་མངས་མཉམ་དཀྲོལ་གྱིས《ཡའོ་རིགས་བྲོ་གླུ》དཀྲོལ། སྲོལ་རྒྱུན་གྱི་གླུ་གཞས་འདི་དག་ནི་སྒྱུ་རྩལ་པ་ཆུང་ཆུང་དག་གི་འཁྲབ་སྟོན་འོག བརྩེ་སེམས་དང་ཚེ་སྲོག་གསར་པ་ཞིག་ཐོབ་ཅིང་། བྱིས་པའི་མཉམ་ལེན《དུས་བཞིའི་འཚམས་འདྲི》དང་། 《མཁའ་ལམ》བླངས་ཏེ་མི་རིགས་ཉམས་ཅན་གྱི་གླུ་གཞས་མཚར་སྡུག་ངོམ། ཕྱི་གླིང་རོལ་ཆས་ཀྱིས《རང་དབང་གི་ཐཱན་ཀི》དང་། 《མེ་ཏོག་འཐུ་གཞས》སོགས་སྤྲོ་དགའ་དོན་ལྡན་གྱི་གླུ་གཞས་དབྱངས་སུ་བཀུག་པས། ལོ་གསར་པའི་ཉམས་སྣང་མངོན་པར་སྦྱིན་སོང་། མཚོ་སྔོན་སློབ་ཆེན་སློབ་མའི་སློབ་རའི་གླུ་བ་འགྲན་སྡུར་སྐབས་བརྒྱད་པའི་སྟེང་བྱ་དགའ་ཐོབ་པའི་གླུ་བ་ཐེན་ཀྲིན་ཕིན་གྱིས་རོལ་དབྱངས་སྤྲོ་ཚོགས་སྟེང《ཝུའུ་ལན་པ་ཐོའི་མཚན་མོ》ཞེས་པ་སྐྱེས་སུ་ཕུལ། སྙན་པའི་འགྱུར་ཁུགས་ཀྱིས་རབ་ཏུ་ཕྱུག་ཅིང་། འཚོ་བའི་བདེ་སྐྱིད་ཀྱི་ཉམས་སྣང་ལྷག་ཏུ་ཐོན་པའི་འཁྲབ་སྟོན་གྱིས་ཚོགས་ཕེབས་ཀྱི་ལྟད་མོ་བ་རྣམས་ཀྱི་མིག་གི་དགའ་སྟོན་དང་། སེམས་ཀྱི་ལོངས་སྤྱོད་དུ་གྱུར་སོང་།
རྒྱུད་མངས་དཀྲོལ་མཁན་ཝང་ཞའོ་མིན་ནི་མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་བྱ་འགུལ་ལྟེ་གནས་སུ་སློབ་སྦྱོང་བྱེད་པའི་སློབ་མ་ཆུང་ཆུང་ཞིག་ཡིན་ཞིང་། ཁོ་མོས་བཤད་རྒྱུར། རྒྱུད་མངས་ནི་བདག་གི་གྲོགས་པོ་བཟང་པོ་ཡིན་ལ། ཐེངས་འདིའི་རོལ་ཚོགས་ལ་ཞུགས་ཐུབ་སོང་པས་དགའ་སྤྲོ་ཚད་མེད་སྐྱེས་སོང་། དགེ་རྒན་རྣམས་ཀྱིས་འདི་འདྲའི་གར་སྟེགས་སྟེང་གོ་སྐབས་གནང་བར་བཀའ་དྲིན་ཞུ་རྒྱུ་ཡིན་ལ། ཁོ་ཚོས་དཀའ་སྤྱད་ཚད་མེད་བྱས་སོང་། བདག་གི་རེ་བར་དགེ་རྒན་རྣམས་ཀྱི་རྒྱབ་སྐྱོར་འོག་ངའི་རོལ་མོའི་ལམ་ཁར་དགའ་སྐྱིད་དགོད་སྒྲ་ཁེངས་ཤིང་། མཚར་སྡུག་སྔར་བས་ལྡན་པོར་སྨོན་ཟེར།
ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་ལིག་ཆིན་ཡོན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་ནང་། ཟློས་གར་ཁང་ཆེན་དུ་ཕྱིན་ཏེ་ཁྱད་འཕགས་སྒྱུ་རྩལ་ལ་ཉེ་བར་བཅར་ནས་སྒྱུ་རྩལ་གྱི་རོལ་མྱོང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག འོན་ཀྱང་ན་ཆུང་གཞོན་ནུའི་འཁྲབ་སྟོན་བྱས་པའི་རོལ་དབྱངས་སྤྲོ་ཚོགས་འདི་ལྟ་བུ་ཐེངས་དང་པོར་མཐོང་བ་ཡིན་ལ། འཁྲབ་སྟོན་པ་ཆུང་ཆུང་རྣམས་ཀྱིས་འཁྲབ་སྟོན་ངོ་མཚར་བ་བྱས་སོང་པས། བྱིས་པ་རྣམས་ཀྱི་སྒྱུ་རྩལ་གྱི་བྱང་ཆ་ལ་ང་རང་ཧ་ཅང་ཧ་ལས་སོང་། འདིས་དུས་རབས་གསར་པའི་ན་ཆུང་གཞོན་ནུ་རྣམས་ཀྱི་རིག་གནས་གཟི་དཔལ་དང་། རིག་གནས་སྤུས་ཚད་མངོན་པར་བསྟན་པ་མ་ཟད། འབྱོར་ཕྱུག་དང་རིག་གནས། འཆམ་མཐུན། མཚར་སྡུག་གི་མཚོ་སྔོན་གསར་པའི་རང་མདངས་མཐོང་སོང་། རེ་བ་ནི་རྗེས་སུའང་འདི་འདྲ་བའི་རོལ་དབྱངས་སྤྲོ་ཚོགས་མང་དུ་སྤེལ་རྒྱུ་རེ་བ་ཆེ་ཟེར།
མཚོ་སྔོན་ན་ཆུང་གཞོན་ནུའི2020ལོའི་གནམ་ལོ་གསར་པའི་རོལ་དབྱངས་སྤྲོ་ཚོགས་ཀྱིས་རང་ཞིང་ཆེན་གྱི་ན་ཆུང་གཞོན་ནུའི་ཧུར་ཐག་འབད་བརྩོན་གྱི་བསམ་པའི་སྙིང་སྟོབས་དང་། རིག་གནས་སྒྱུ་རྩལ་གྱི་ངོ་མཚར་ཉིང་བཅུད་ལ་བྱང་བ་དང་འཇུག་པ་མངོན་པར་བསྟན་ལ། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་བྱ་འགུལ་ལྟེ་གནས་དུས་དང་རྣམ་པ་ཀུན་དུ་རང་ཞིང་ཆེན་གྱི་ན་ཆུང་གཞོན་ནུ་རྣམས་ལ་རིག་གནས་སྒྱུ་རྩལ་དང་། བསམ་བློ། སྙིང་སྟོབས། ཀུན་སྤྱོད་དག་སྣེ་ཁྲིད་བྱས་ནས། སྤྱི་ཚོགས་ལ་ཁྱད་འཕགས་ཀྱི་རིག་གནས་སྒྱུ་རྩལ་འཇོན་མི་སྔོན་འདོན་དང་སྐྱེད་སྲིང་བྱས་ཏེ། སེམས་ཤུགས་ཡོད་ཚད་ཀྱིས་སློབ་ཕྱིའི་སློབ་གསོ་དང་། ན་ཆུང་གཞོན་ནུའི་རིག་གནས་འབྲེལ་འདྲིས། ན་ཆུང་གཞོན་ནུའི་སྤྱི་བའི་རིག་གནས་ཞབས་ཕྱི་སོགས་ཀྱི་ཐད་ལ་སྟོབས་ཤུགས་ཕུལ་དང་འབུལ་བཞིན་འདུག