པད་མ་རྫོང་གིས་གསར་བརྗེའི་སློབ་གསོ་ལ་རྒྱབ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་།
2019.12.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་གཙོ་བོར་དམར་དམག་ལུང་བའི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་བེད་སྤྱད་དེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་གཅིག་ཅན་བཅུ་ཡི་ཡུལ་དངོས་སློབ་ཁྲིད་དང་སྦྱོང་བརྡར་གྱི་མུ་འབྲེལ་བྱ་འགུལ་སྤེལ་བ་དང་། ལམ་ཐིག་དང་འགྱུར་ལྡོག་ལ་བལྟས་པ་དང་། ཐོག་མའི་བསམ་འདུན་ལ་ཕྱིར་དྲན་དང་སློབ་གསོ་དང་ལེན་བྱས་ལ། བརྗོད་དོན་སློབ་གསོའི་འགུག་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཐོག་མའི་བསམ་འདུན་ལ་འགྲེལ་བཤད་བཟང་བོ་བྱེད་པ་དང་འགན་འཁྲི་ལག་བསྟར་བྱེད་པའི་བྱ་བ་པད་མ་ནས་བཟང་བོར་བསྒྲུབས་པ་དང་གྲུབ་འབྲས་བཟང་བོ་བླངས།

རྒྱུས་ལོན་བྱས་པ་ལྟར་ན། པད་མ་རྫོང་གིས་ཚད་གཞི་མཐོ་བའི་ཏང་གཤིས་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤུས་ཚད་མཐོན་པོས་སྤེལ་བའི་ལག་ལེན་དུ་བརྩི་བ་དང་། གསར་བརྗེའི་སློབ་གསོ་ལྟེ་གནས་དང་མདོག་གསུམ་རིག་གནས་ཐོན་ལས་ར་བ། གསར་བརྗེའི་གློག་བརྙན་ཁང་། རྒྱང་བསྐྱོད་སྙིང་སྟོབས་རིག་གནས་ལོ་རྒྱུས་ཁང་སོགས་རྨང་གཞི་སློབ་ཁྲིད་སྒྲིག་ཆས་ལ་རྒྱབ་རྟེན་ནས། སློབ་ཁྲིད་དང་ལྟ་སྐོར། བཟའ་བཏུང་དང་སྡོད་གནས་གཞི་གཅིག་ཅན་གྱི་སྤུས་ལེགས་གསར་བརྗེའི་སློབ་གསོ་སྤེལ་པ་དང་། ཏང་གི་སློབ་གྲྭ་རུ་གཅིག་བསྡུས་སློབ་གསོ་སྤེལ་བ་དང་རྒྱང་སྐྱོད་རྗེས་དྲན་ཁང་ལ་ལྟ་སྐོར་བྱེད་པ། ཡང་བསྐྱར་དམར་དམག་གི་རྒྱང་སྐྱོད་ལམ་བུ་རུ་བསྐྱོད་པ། ཆེད་དོན་ཏང་གི་སློབ་ཁྲིད་ལ་ཉན་པ། གསར་བརྗེའི་གླུ་དབྱངས་ལེན་པ། ཐུན་མོང་གི་རྒྱ་སྐྱེད་སྦྱོང་བརྡར་སྤེལ་བ་སོགས་བརྒྱུད་དེ། བརྗོད་དོན་སློབ་གསོའི་ཐད་ཐོན་ཁུངས་གསར་བ་བསྣན།

དེ་དང་མཉམ་དུ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱས་ནས། པད་མ་རྫོང་གིས་གསར་བརྗེའི་དྲན་ཤེས་ཟབ་མོ་དང་གསར་བརྗེའི་གཏམ་རྒྱུད། གསར་བརྗེའི་ལོ་རྒྱུས་བཅས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་སུ་དྲིལ་སྒྲོག་དང་ངོ་སྤྲོད་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་ཏང་ཡོན་ལས་བྱེད་པ་བརྗོད་དོན་སློབ་གསོ་ཁྲོད་ཞུགས་པར་ནང་འགུག་བྱས། བསྡོམས་རྩིས་ལྟར་ན། ལོ་སྟོད་ནས་ད་བར་དུ། པད་མ་རྫོང་དམར་དམག་ལུང་བས་བསྡོམས་པས་གསོ་སྦྱོང་འཛིན་གྲྭ་སྐབས་བརྒྱ་དང་བཅུ་གསུམ་བསྡུས་པ་དང་། ཏང་ཡོན་ལས་བྱེད་པ་སྟོང་གཅིག་དང་བརྒྱད་བརྒྱ་ང་བཞི་གསོ་སྦྱོང་ཁྲོད་ཞུགས།