མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་རབ་རྒྱན་ལྕགས་བྱི་ལོའི་ལོ་སར་དགོང་ཚོགས་༼ལོ་གཡང་དྲོན་མོ༽ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་།
2019.12.26 ཁུངས། ཀློག་གྲངས། 1317

མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་དང་། མཚོ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་གཙོ་སྒྲུབ་མཛད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་རབ་རྒྱན་ལྕགས་བྱི་ལོའི་ལོ་སར་དགོང་ཚོགས༼ལོ་གཡང་དྲོན་མོ༽ཞེས་པ་ཟླ12པའི་ཚེས25དང26ཉིན་གྱི་དགོང་མོར། མཚོ་ལྷོ་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་ཕབ་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་། ཐེངས་འདིའི་དགོང་ཚོགས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་། མཚོ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་། དམངས་ཚིས་ལེགས་སྒྱུར། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་མངོན་པ་ཡོད་པའི་ཁར་གནམ་ལོ་གསར་བའི་ནང་སྔར་བཞིན་ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པར་བཅངས་པ་བརྗོད་དོན་དུ་བཟུང་ནས་།  མཚོ་ལྷོ་ས་གནས་ཀྱི་གླུ་བ་གླུ་མ་གཙོ་བྱས་མདོ་དབུས་ཁམས་གསུམ་གྱི་གླུ་བ་གླུ་མ་འགའ་རེ་ཡང་གདན་འདྲེན་ཞུས་ཏེ། གླུ་ངག་གི་འགྱུར་ཁུགས་རེ་རེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་འབྱུང་བའི་ཡིད་ཆེས་དང་། ལྡེམ་མྱུར་གྱི་གར་སྟབས་རེ་རེ་བརྒྱ་ལོ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་བློ་སྤོབས་སུ་བཅངས་ནས།   ས་གནས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་དམངས་ཁྲོད་ཀྱི་གླུ་དང་། རྩེད་རིག  སྒྲ་སྙན་རྡུང་ལེན།    དེང་རབས་ཀྱི་གཞས་དང་ཞབས་བྲོ།  གར་ཆུང་སོགས་འཁྲབ་ཚན་ཉེར་གསུམ་གྱིས་གྲུབ་ལ།  དགོང་ཚོགས་ཧྲིལ་བོས་མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག    མཚོ་ལྷོ་ས་ཁུལ་ཡོངས་ཀྱིས་ཆབ་སྲིད་དང་དཔལ་འབྱོར།  རིག་གནས།  སྤྱི་ཚོགས།  སྐྱེ་ཁམས་དཔལ་ཡོན་སོགས་ཕྱོགས་གང་ཅིའི་ཐད་ནས་བླངས་པའི་གྲུབ་འབྲས་མཚོན་པར་བྱས།

ཐེངས་འདིའི་དགོང་ཚོགས་སུ་བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་དང་། བོད་ཀྱི་སྒྲ་སྙན་རྡུང་ལེན་གར་སྟེགས་སུ་ཐོག་མར་འདྲེན་མཁན་རྒན་སྐར་མ། བོད་ཀྱི་གཞོན་སྐྱེས་གླུ་བ་གདུགས་དཀར་ཡག   པདྨ་བསམ་གྲུབ་སོགས་ཕ་ཡུལ་མཚོ་ལྷོ་ཡིན་པའི་སྒྱུ་རྩལ་པ་དག་ལས་གཞན། མཚོ་ལྷོ་ཁུལ་ནང་ཁུལ་གྱི་སྒྱུ་རྩལ་པ།  དེ་མིན་བོད་ལྗོངས་མངའ་རིས་ནས་ཕེབས་པའི་གླུ་བ་ཀརྨ་བསྟན་དར། ཁམས་སྐྱེ་རྒུ་ནས་ཕེབས་པའི་གླུ་བ་བདེ་ལེགས་ནོར་བུ། ད་དུང་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་དང་། གུང་ཧོ་རྫོང་རིག་གནས་ཁང་།  ཐུན་ཏེ་རྫོང་རིག་གནས་ཁང་།  གུང་ཧོ་རྫོང་མི་རིགས་སློབ་ཆུང་དང་པོ།  མཚོ་ལྷོ་ཁུལ་ཨརྱ་བྱིས་པའི་སྒྱུ་རྩལ་ཚོགས་པ་བཅས་ཀྱི་འཁྲབ་སྟོན་པ་150ལྷག་གར་སྟེགས་གཅིག་ཏུ་འཛོམས་ནས་འཁྲབ་སྟོན་བྱས་པ་ཡིན་ལ།  རྒན་དར་གཞོན་གསུམ་ཀུན་གྱི་བློ་མོས་དགའ་ཕྱོགས་གཞིར་བཟུང་ནས་དེར་མཐུན་གྱི་རིག་རྩལ་སྣ་མང་བཀོད་སྒྲིག་བྱས་ཡོད།  འདི་ལས་འཕེལ་རྒྱས་ཁྲོད་ཀྱི་མཚོ་ལྷོ་གསར་བའི་རིགས་སོ་སོའི་མི་དམངས་ཀྱིས་བདེ་སྐྱིད་ཕུན་སུམ་ཚོགས་པའི་གནམ་ལོ་གསར་བའི་དཔལ་ལ་རོལ་བཞིན་པའི་ངང་ཚུལ་མངོན་ཡོད།

ལོ་སར་དགོང་ཚོགས༼ལོ་གཡང་དྲོན་མོ༽ཞེས་པ2020ལོའི་རྒྱ་ལོའི་ལོ་སར་དང་བོད་ཀྱི་ལོ་སར་སྐབས་མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མཚོ་ཡི་ལྷོ་རྒྱུདAPP།    མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  བོད་ཁུལ་གྱི་རང་སྐྱོང་ཁུལ་བཅུ་ཡི་མཉམ་འབྲེལ་སྨྱན་བྱད་བཅས་ནས་གཏང་རྒྱུ་ཡིན་ལ། ཀྲུང་གོ་དྲ་བའི་གསར་འགྱུར་འཕྲིན་ལམ།  མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་སྤྱི་སྟེགས་དང་ཉིན་རེའི་གངས་ལྗོངས་སྤྱི་སྟེགས་བཅས་ནས་ཀྱང་སྤེལ་རྒྱུ་རེད།