གློག་བརྙན《གེ་སར་འཆམ》 ཞེས་པའི་ཐོག་མའི་གཟིགས་འབུལ་མཛད་སྒོ་ཟི་ལིང་དུ་བསྡུས།
2020.01.03 ཁུངས། ཀློག་གྲངས། 1163

ཟླ1པའི་ཚེས3ཉིན་གྱི་ཕྱི་དྲོར། མགོ་ལོག་ལྷ་སྲས་ཇོ་རུ་དམངས་སྲོལ་རིག་གནས་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཧྲིན་ཡེན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་མཉམ་འབྲེལ་སྒོས་ཕབ་སྐྲུན་མཛད་པ་དང་། གཞོན་སྐྱེས་འཁྲབ་ཁྲིད་པ་རྒྱ་ཤུལ་དུང་ཆུང་ལགས་ཀྱིས་གསར་རྩོམ་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན《གེ་སར་འཆམ》 ཞེས་པ་ཟི་ལིང་བན་ཏྭ་གློག་བརྙན་ཁང་ནས་ཐོག་མའི་གཟིགས་འབུལ་བྱེད་པའི་མཛད་སྒོ་བསྡུས།

མཛད་སྒོའི་སྟེང་གློག་བརྙན་འདིའི་གཙོ་སྐྲུན་མི་སྣ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། མགོ་ལོག་ཁུལ་མི་དམངས་སྲིད་གཞུང་། མགོ་ལོག་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། དར་ལག་རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་ཟློས་གར་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་གློག་བརྙན་བརྙན་འཕྲིན་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་བརྙན་ལེན་མཐུན་ཚོགས་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་།  རྩོམ་རིག་དང་གློག་བརྙན་ལས་རིགས་ཀྱི་ཆེད་མཁས་པ་དང་དཔྱད་བརྗོད་པ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ། སྨྱན་བྱད་ལས་ཁུངས་སོ་སོའི་གསར་འགོད་པ། སྤྱི་ཚོགས་ལས་རིགས་ཁག་གི་ལྟད་མོ་པ་སོགས་བསྡོམས་པས་མི་ཉིས་བརྒྱ་ལྷག་ཞུགས་ཡོད་ལ། མགོ་ལོག་དར་ལག་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་འབྲུག་ལོས་ཤིས་ཚིག་ཕུལ་བ་དང་། འཁྲབ་ཁྲིད་པ་དང་བརྙན་སྐྲུན་པས་སོ་སོའི་གློག་བརྙན་འདིའི་བརྗོད་དོན་དང་མི་སྣའི་སྣང་བརྙན། བརྙན་ཕབ། སྒྲིག་སྦྱོར་སོགས་ཀྱི་ཐད་ནས་རང་རང་གི་བསམ་ཚུལ་བརྗོད།

གློག་བརྙན《གེ་སར་འཆམ》 ཞེས་པ་མི་སྣ་གཙོ་བོ་བཀྲ་བདེ་སློབ་ཆུང་འགྲིམ་སྐབས་རྒན་རབས་ཚོའི་ཤུགས་རྐྱེན་ཐེབས་འོག  གླིང་སྒྲུང་ལ་དགའ་མོས་ཆེན་པོ་ཡོད་ལ་ཆེད་ལས་ཚོགས་པའི་ནང་གེ་སར་གྱི་ཟློས་གར་འཁྲབ་རྒྱུའི་སེམས་འདུན་བཅངས་ཡོད་མོད།   ལོ་ན་ཆུང་བའི་ཁར་སློབ་གྲྭར་འགྲོ་བཞིན་ཡོད་པས་ཕ་མ་གཉིས་མོས་མཐུན་མ་བྱུང་ཡང་།   བཀྲ་བདེ་ནི་ཐོག་མཐའ་བར་གསུམ་དུ་གླིང་སྒྲུང་ལ་མགོ་འཁོར་ནས་སྡོད་པ་དང་ཐ་ན་རྫོང་རིག་གནས་ཅུའུ་ཡི་སྒྱུ་རྩལ་ཚོགས་པར་བསྐྱོད་དེ་ཚོགས་པའི་ནང་ཞུགས་པའི་རེ་ཞུ་བྱས་མོད་དམིགས་དོན་མ་འགྲུབ། འོན་ཀྱང་བཀྲ་བདེ་ཡི་ཆོད་སེམས་ལ་གཡོ་འགུལ་སྤུ་ཙམ་མེད་པས་མཐར་རྫོང་རིག་གནས་ཁང་གི་འགོ་གཙོའི་རྒྱབ་སྐྱོར་ཐོབ་པ་དང་སློབ་ཞོར་དུ་གེ་སར་གྱི་ཟློས་གར་སློབ་པར་ཁས་བླངས་སྟབས་བཀྲ་བདེ་ཡི་ཕུགས་འདུན་རིམ་བཞིན་མངོན་འགྱུར་བྱུང་བ་བརྗོད་ཡོད།

འཁྲབ་ཁྲིད་པ་དུང་ཆུང་ལགས་ཀྱིས། “ང་ཆུང་དུས་ནས་《གླིང་སྒྲུང》གི་ལོ་རྒྱུས་སྙན་རྩོམ་རིང་མོའི་རིག་གནས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ལ། ད་ཐེངས་བརྩམས་པའི《གེ་སར་འཆམ》ཡང་མགོ་ལོག་ས་གནས་ཀྱི་ཕུན་སུམ་ཚོགས་པའི་གླིང་སྒྲུང་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་གྲུབ་པ་ཡིན།  གློག་བརྙན་འདི་བྱིས་པའི་མཐོང་ཟུར་ནས་གེ་སར་རིག་གནས་ཀྱི་རིན་ཐང་དང་རྒྱུད་འཛིན་ཀྱི་གལ་ཆེན་རིང་བཞིན་བསྟན་ཡོད”ཞེས་བཤད།

གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་བྱུང་བརྗོད་སྙན་ངག་རིང་པོ་ཞིག་ཡིན་ཞིང་།  བརྗོད་བྱའི་དོན་གྱི་ཆ་ནས་བོད་གནའ་རབས་ཀྱི་ཆབ་སྲིད་དང་དམག་དོན། རིག་གནས། ཆོས་ལུགས། དམངས་སྲོལ་བཅས་མཚོན་པའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་ངག་རིང་མོ་ཞིག་ཡིན། གེ་སར་སྒྲུང་འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་ཚུད་ཡོད་པ་དང་། རང་རྒྱལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གལ་ཆེའི་སྲུང་སྐྱོང་གི་རྣམ་གྲངས་གྲས་ཡིན་པ་རེད།  གློག་བརྙན་《གེ་སར་འཆམ》བདེ་བླག་ངང་གཟིགས་འབུལ་བྱེད་ཐུབ་པ་དེ་གླིང་སྒྲུང་གི་རིག་གནས་སྔོག་འདོན་དང་རྒྱུད་འཛིན། སྲུང་སྐྱོབ། གོང་འཕེལ།དྲིལ་སྒྲོག་བཅས་ཀྱི་ལས་དོན་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ལ། གླིང་སྒྲུང་རིག་གནས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་བསྣན་པ་དང་གླིང་སྒྲུང་སྲུང་སྐྱོང་དང་གསར་གཏོད་ཀྱི་རྣམ་པ་དེ་བས་མང་བ་ཐོན་པར་སྐུལ་ལྕག་བྱས་ཡོད་པ་རེད།