མགོ་ལོག་གིས་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་བཞི་ཁྲི་གསུམ་བཏང་ནས་གནོད་འགོག་ཕྱུགས་སྲུང་བྱ་བ་བཟང་བོར་བསྒྲུབས།
2020.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 71

ལུགས་རྙིང་གི་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྔོན་ཆད་ཀྱི་ཁངས་སྐྱོན་འགོག་སྐྱོབ་ཐད་ཀྱི་ཉམས་མྱོང་སྤྱི་སྡོམ་དང་བསྡུ་ལེན་བྱེད་པའི་ཞོར་དུ། མིག་སྔའི་གནམ་གཤིས་སྡེ་ཁག་གི་ལྟ་ཞིབ་ཚད་ལེན་གཞི་གྲངས་ལ་ཟུང་འབྲེལ་བྱས་ཏེ། གནོད་འགོག་གནོད་སྐྱོབ་ཕྱུག་སྲུང་དང་མཁར་གྲོང་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་འགན་སྲུང་བྱ་བ་སྤེལ་ནས། རྒྱ་ཆེའི་མང་ཚོགས་ཀྱིས་བདེ་འཇགས་ངང་དགུན་ཁ་རོལ་བའི་ཐད་ཀྱི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས། 2019ལོའི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དུ། ཁུལ་ཡོངས་ཀྱི་གནོད་འགོག་གནོད་སྐྱོབ་ཐད་ཀྱི་སྤྱིའི་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་བཞི་ཁྲི་གསུམ་ལྷག་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། མགོ་ལོག་ཁུལ་གྱིས2019ལོའི་ཟླ་བཅུ་གཅིག་པའི་ཚུན་དུ། སྔ་གཞུག་ཏུ་ཁངས་ཆེན་ཐེངས་ལྔ་ལ་བབས་པ་དང་། ཁངས་བབས་པའི་རྒྱ་ཁྱོན་ཆེ་བ་དང་ཁབས་འབབ་ཚད་ཧ་ཅང་ཆེ་ལ། ཁངས་ཆགས་ཡུན་རིང་བའི་ཁྱད་ཆོས་མངོན་པས། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རྫོང་སོ་སོའི་སྲིད་གཞུང་དང་ཁུལ་ཞིང་ཕྱུགས། དམངས་སྲིད། འཕྲལ་བསྟུན་དོ་དམ། ནགས་ལས་རྩྭ་ཐང་། ཚོང་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གི་སྔོན་དུས་ཀྱི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། རྗེས་ཕྱོགས་སུ་བྱུང་ངེས་པའི་ཁངས་སྐྱོན་གནམ་གཤིས་ཀྱི་གནས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་བྱས་ལ། གནོད་འགོག་ཕྱུགས་སྐྱོབ་དང་རྩྭ་ཐང་ནགས་ཚལ་གགྱི་མེ་འགོག མང་ཚོགས་ཀྱི་འཚོ་བའི་འགན་སྲུང་། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་ལྔའི་ཐད་ཀྱི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། མཇུག་བཟང་བོ་བསྡུ་བ་དང་འགོ་བཟང་བོ་རྩོམ་པར་བརྩོན་ལེན་བྱས།

གནོད་འཚེ་ལ་སྔོན་འགོག་བྱེད་ཆེད། མིག་སྔར། མགོ་ལོག་ཁུལ་གྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གནོད་སྐྱོན་མ་བྱུང་གོང་སྔོན་འགོག་བྱེད་པ་དང་གནོད་འཚེ་བྱུང་ཚེ་གནོད་སྐྱོབ་བྱེད་པའི་འདུ་ཤེས་སྲ་བརྟན་དུ་བཏང་བ་དང་། གནོད་སྐྱོབ་གནོད་འགོག་ཕྱུགས་སྲུང་དང་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་བྱ་བ་དེ་མིག་སྔའི་ལས་འགན་གལ་ཆེན་དུ་བརྩི་ལ། ཕྱུགས་ཟོག་གསོ་ཁ་ནས་འབུད་པ་དང་གཟན་རྩྭ་སྐྱེལ་འདྲེན་ཉར་གསོག ཕྱུགས་ར་འཛུགས་སྐྲུན། ཕྱུགས་ནད་འགོག་བཅོས། ཕྱུགས་ཟོག་ཉེན་སྲུང་། གཞུང་ལམ་ཞིག་གསོ། མང་ཚོགས་ཀྱིས་དགུན་ཁ་རོལ་བའི་མ་དངུལ་དང་དངོས་ཟོག་སྟེར་བ། གནམ་གཤིས་སྔོན་བརྡ་སོགས་ཀྱི་བྱ་བ་སྣ་ཚོགས་སྤེལ་ནས། གནོད་འགོག་གནོད་སྐྱོབ་དང་ཕྱུགས་སྲུང་བྱ་བའི་ཐད་ཀྱི་གྲུབ་འབྲས་བླངས།