དགའ་བདེ་རྫོང་གིས་སྔ་མོ་ནས་གནོད་འགོག་ཕྱུགས་སྐྱོབ་བྱ་བ་ལེགས་པོར་བསྒྲུབས་ནས་ཕྱུགས་ཟོག་དགུན་དཔྱིད་ལས་ཐར་བར་རྨང་གཞི་བརྟན་པོ་བཙུགས།
2020.01.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 74

ན་ནིང་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན།  མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དགུན་དུས་གཞི་རིམ་དུ་བསྐྱོད་པའི་མགོ་ལོག་བཅར་འདྲི་ཚན་ཆུང་གིས་རྨ་ཆེན་རྫོང་གི་བཅར་འདྲིའི་བྱ་བ་སྣ་ཚོགས་ལེགས་འགྲུབ་བྱུང་རྗེས་ཁུལ་དེའི་བཅར་འདྲི་ས་ཚིགས་གཉིས་པ་སྟེ་དགའ་བདེ་རྫོང་གི་ཕྱོགས་སུ་བསྐྱོད་འགོ་བརྩམས་སོང་།

དགུན་དུས་ཀྱི་མགོ་ལོག་རྩྭ་ཐང་ནི་རབ་དཀར་ཁ་བས་ས་གཞི་ཀུན་ནས་གཡོགས་ཤིང་གྲང་ངར་བུ་ཡུག་གིས་རུས་རྐང་ལ་ན་ཟུག་སློང་བའི་འཁྱགས་ཤུར་ཤུར་གྱི་ཡུལ་གྲུ་ཞིག་ཡིན་པས།  རླངས་འཁོར་ཤར་བགྲོད་བྱེད་པའི་གཞུང་ལམ་ཡོངས་སུའང་ཁངས་དང་དར་གྱིས་གཡོགས་ཏེ་རླངས་འཁོར་རྒྱུན་ལྡན་ངང་ཤར་གཏོང་བྱེད་པར་ཉེན་ཁ་གང་མང་ཞིག་བརྒྱུད་དགོས་ལ།  ཡུལ་དེར་འཚོ་སྡོད་བྱེད་པའི་རྟ་ནོར་ལུག་གསུམ་གྱི་སྒོ་ཕྱུགས་རྣམས་ཀྱང་ཤོག་དཀར་ཐང་ལ་བཏིངས་འདྲའི་རི་ངོས་སུ་ཁྱུ་དང་ཁྱུ་བྱས་ཏེ་མགོ་བོ་དུད་ནས་རྩྭ་རྐང་ཉག་མ་རེ་རེར་ཡུན་གྱིས་འཚོལ་བའི་སྣང་ཚུལ་དེ་ནི་ཡུལ་དེའི་མཛེས་ལྗོངས་གསར་བ་ཞིག་ཡིན་ངེས།

           འདི་ལྟར་དུས་ཚོད་གཅིག་ལྷག་གི་ལམ་ཐག་བརྒྱུད་མཐར་གསར་འགོད་པ་གཞི་ནས་མཐོ་ཚད་རྨིད་བཞི་སྟོང་ལས་བརྒལ་པའི་དགའ་བདེ་རྫོང་ཐོག་ཏུ་ཐོན་པ་ན།  དགའ་བདེ་རྫོང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་ལས་བྱེད་མི་སྣས་སྔ་མོ་ནས་གསར་འགོད་པར་ངང་སྒུག་བྱས་འདུག་པས།  དེ་མ་ཐག་གསར་འགོད་པས་བཅར་འདྲིའི་ཡོ་བྱད་དག་ལ་གྲ་སྒྲིག་བཟང་པོ་བྱས་རྗེས་ཁོ་ཚོའི་རྗེས་འབྲངས་ནས་བཅར་འདྲི་བྱ་ཡུལ་དངོས་ལ་བསྐྱོད་པ་ཡིན།

དགའ་བདེ་རྫོང་ནི་མགོ་ལོག་ཁུལ་ཐོག་ལས་སྤྱི་ལེ་བརྒྱད་ཅུ་ལྷག་གི་མཚམས་སུ་ཡོད་པ་དང་།  ཤར་ཕྱོགས་སུ་ཀན་ལྷོ་ཁུལ་གྱི་རྨ་ཆུ་རྫོང་དང་ལྷོ་ཕྱོགས་སུ་དར་ལག་རྫོང་དང་གཅིག་སྒྲིལ་རྫོང་།  ནུབ་ཕྱོགས་སུ་རྨ་ཆེན་རྫོང་བཅས་སུ་འབྲེལ་ཡོད་ལ།   སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་བདུན་ལྷག་ཡོད་ཅིང་།ཕྱུགས་ལས་གཙོ་གཉེར་གྱི་རྫོང་ཞིག་ཡིན།

        དགའ་བདེ་རྫོང་དབུལ་སྐྱོར་ཐོན་ལས་གླིང་ནི་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ས་གནས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་བཙུགས་ཤིང་།  ཐོན་ལས་གླིང་དེའི་ནང་དུ་ཡོད་པའི་དགའ་བདེ་རྫོང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཚན་རྩལ་ཚད་ཡོད་ཀུང་ཟི་ནི་མཚོ་སྔོན་ཞིང་ཆེན་ལྷོ་ཕྱོགས་འབྲོག་ཁུལ་གྱི་གཟན་ཆས་ཐོན་སྐྱེད་ལས་སྣོན་བྱེད་པའི་ཁེ་ལས་གཅིག་པུ་ཡིན།  འདས་པའི་ལོ་འགའི་རིང་ལ།  ཁེ་ལས་འདིས་ཐོན་སྐྱེད་ལས་སྣོན་བྱས་པའི་གཟན་ཆས་ཀྱིས་མགོ་ལོག་ཁུལ་གྱི་རྫོང་དྲུག་གི་མཁོ་བསྟུན་རོགས་སྐྱོབ་ཁྲོད་དུ་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཏེ་འབྲོག་པ་མང་ཚོགས་ལ་ཁངས་གནོད་ཁྲོད་ཐེབས་པའི་གྱོང་གུད་ཇེ་ཉུང་དུ་བཏང་བ་རེད།

                 གསར་འགོད་པ་ཡངས་ཤིང་རྒྱ་ཆེ་བའི་གཟན་ཆས་ཐོན་སྐྱེད་ལས་སྣོན་བྱེད་པའི་འཁོར་ཁང་དུ་ཐོན་པ་ན།  འཕྲུལ་ཆས་སྣ་ཚོགས་ཀྱི་སྒྲིག་བཀོད་བརྗིད་ཆགས་ཤིང་གྲལ་དག་ལ།  ལས་སྣོན་གྱི་བྱ་བར་བྲེལ་བའི་བཟོ་བ་རྣམས་ཀྱིས་འཕྲུལ་ཆས་ཀྱི་གམ་དུ་གཟན་ཆས་སྣ་ཚོགས་ལ་ཕྱི་ཐུམ་རྒྱག་བཞིན་ཡོད་ལ།   རྒྱབ་ཀྱི་མཛོད་ཁང་ནང་དུ་གསར་དུ་ལས་སྣོན་བྱས་པའི་གཟན་ཆས་སྣ་ཚོགས་རི་རབ་བཞིན་བརྩིགས་ཡོད་ལ།ཕྱོགས་སོ་སོའི་ཉོ་མཁན་གྱི་རླངས་འཁོར་མང་པོ་ར་བའི་ནང་དུ་གྲལ་ལྟར་བསྒྲིགས་འདུག

གཟན་ཆས་ཐོན་སྐྱེད་ལས་སྣོན་ཁང་གི་ལས་བཟོ་བ་དབང་ཆེན་གྱིས་ཡིད་ཆེས་ཀྱི་ངང་ནས་བཤད་རྒྱུར།

             གཟན་ཆས་ལས་སྣོན་བཟོ་གྲྭ་འདིས་སྤྱི་ཟླ་བཅུ་བའི་ཚེས་ཉི་ཤུ་ནས་བཟུང་སྟེ་ལས་སྣོན་དང་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་བྱེད་མགོ་བརྩམས་ཏེ་ལས་བཟོ་བ་བཅུ་གཉིས་ཀྱིས་ཉིན་རེར་གཟན་ཆས་ཏུན་བརྒྱད་ཅུ་ལས་སྣོན་བྱེད་བཞིན་ཡོད་ལ།  ཁུལ་ཡོངས་ཀྱི་རྫོང་སོ་སོ་ནས་ཡོང་བའི་གཟན་ཆས་ཉོ་མཁན་དང་སྐྱེལ་འདྲེན་བྱེད་མཁན་གྱི་མི་དང་རླངས་འཁོར་རྒྱུན་ཆད་མེད་པར་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད།  དགའ་བདེ་རྫོང་གིས་ཁེ་ལས་འདི་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཏེ་གཟན་ཆས་མཁོ་སྤྲོད་འདང་ངེས་ཡིན་པར་འགན་སྲུང་དང་འབྲོག་པ་མང་ཚོགས་ཀྱིས་གནོད་འགོག་ཕྱུགས་སྐྱོབ་བྱེད་པར་རོགས་འདེགས་བྱེད་བཞིན་ཡོད་ཟེར།


       གཟན་ཆས་གསོག་ཉར་བྱེད་པ་ལས་གཞན།  ད་རུང་ཕྱུགས་སྤྱིལ་ཁང་ལས་པ་དང་རིམས་ནད་འགོག་བཅོས་བྱེད་རྒྱུ་དེའང་གནོད་འགོག་ཕྱུགས་སྐྱོབ་ཀྱི་ལས་ཀ་གཙོ་བོ་ཞིག་ཡིན།  གསར་འགོད་པ་དགའ་བདེ་རྫོང་ཞིང་ཕྱུགས་ནགས་ལས་ཚན་རྩལ་ཅུའུ་ཡི་གཞུང་སྒྲུབ་ཐོག་ཁང་གི་ཁེར་ཐོག་ཏུ་ཡོད་པའི་ཕྱུགས་ལས་སྨན་བཅོས་ས་ཚིགས་སུ་སོང་བ་ན།  ཐོག་ཁང་དེའི་ཚོམས་ཆེན་ཁང་ནང་དུ་ཕྱུགས་སྨན་མང་པོ་བང་རིམ་བཞིན་བརྩིགས་ཡོད་ལ།ལྭ་བ་དཀར་པོ་གྱོན་པའི་ལས་བྱེད་མི་སྣ་དག་གིས་ཕྱུགས་སྨན་སྣ་ཚོགས་ཐོ་འགོད་བྱེད་པ་དང་། རིགས་བགར་བ།   མཛོད་ཁང་དུ་འཇོག་པ་སོགས་ཀྱི་ལས་ཀ་གོ་རིམ་ལྡན་པའི་ངང་ནས་བསྒྲུབ་བཞིནཡོད་པར་གཞིགས་ན།   དགའ་བདེ་རྫོང་གིས་དགུན་དཔྱིད་དུས་ཀྱི་གནོད་འགོག་ཕྱུགས་སྐྱོབས་ཐད་ལ་གྲ་སྒྲིག་ཕུན་སུམ་ཚོགས་པར་བྱས་ཡོད་པ་གསལ་བོར་རྟོགས་ཐུབ།

                 དགའ་བདེ་རྫོང་ཞིང་ཕྱུགས་ནགས་ལས་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་རྡོ་རྗེ་ཡིས་བཤད་རྒྱུར།  ན་ནིང་ལོའི་ཟླ་བཅུ་བ་ནས་བཟུང་དགའ་བདེ་རྫོང་ལ་ཁངས་ཆེན་ཐེངས་བཅུ་གསུམ་ལ་བབས་བ་དང་།  དེའི་ནང་དུ་དགའ་བདེ་རྫོང་ཡོངས་སུ་ཁེབས་པའི་ཁངས་ཆེན་ཐེངས་གཉིས་དང་ཁངས་འབྲིང་ཙམ་ཐེངས་གཉིས་ལ་བབས་མོད།  འོན་ཀྱང་ང་ཚོས་སྔ་མོ་ནས་བཟུང་གཟན་ཆས་དང་ཕྱུགས་སྨན་སོགས་ཀྱི་ཐད་ལ་གྲ་སྒྲིག་གང་ལེགས་དང་བྱ་བ་མང་པོ་བསྒྲུབས་ཡོད་པས།ཕྱུགས་ཟོག་གཅིག་ཀྱང་མ་ཤི་བ་དང་།མང་ཚོགས་ལ་གྱོང་གུད་གཅིག་ཀྱང་ཐེབས་མེད།  ད་ལྟའི་བར་དུ་དགའ་བདེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གནོད་འགོག་ཕྱུགས་སྐྱོབ་ཐད་བསྡོམས་པས་གསོ་ཆས་ཏུན་སྟོང་གཉིས་དང་ལྔ་བརྒྱ་ང་ལྔ་དང་གཟན་རྩྭ་ཏུན་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་ལྔ་ཁྲི་ལྔ་གནོད་ཐེབས་མང་ཚོགས་ལ་བྱིན་ཟིན།  དེའི་མི་ཚད་ད་ལོའི་དགུན་དང་སང་ལོའི་དཔྱིད་ཀྱི་གནོད་འགོག་ཕྱུགས་སྐྱོབ་ཐད་ང་ཚོས་གསོ་ཆས་ཏུན་སུམ་བརྒྱ་ཉི་ཤུ་དང་གཟན་རྩྭ་ཏུན་བཞི་བརྒྱ།  ཟོག་གི་སྨན་བཅོས་ཐད་དམངས་སྒོར་འབུམ་གསུམ་བཏང་ནས་སྨན་རིགས་སྣ་ཁ་བརྒྱ་དང་དྲུག་ཅུ་ལྷག་གྲ་སྒྲིག་བྱས་ཡོད་ལ།  རྫོང་མི་དམངས་སྲིད་གཞུང་གིས་གནོད་འགོག་ཕྱུགས་སྐྱོབ་ཀྱི་ཁ་གསབ་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་བྱིན་ཡོད་པས་ཟླ་དང་པོའི་ཟླ་མགོར་ང་ཚོས་གཟན་རྩྭ་དང་གསོ་ཆས་ཉོ་གྲབས་ཡོད།  རྗེས་མར་ཡང་མུ་མཐུད་དུ་ཡུལ་ཚོ་སོ་སོར་སོང་ནས་ཁངས་འབབ་ཚད་དང་ཕྱུགས་ཟོག་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་གནོད་འགོག་ཕྱུགས་སྐྱོབ་ཀྱི་བྱ་བ་ལེགས་པོར་བསྒྲུབ་ངེས་ཡིན་ཟེར།

            མཐོ་སྒང་གི་དགུན་ཁ་ཟེར་དུས་མི་རྣམས་ཀྱི་སྣང་ངོར་རླུང་དང་ཁ་བའི་ངར་ཁ་རྒོད་ཅིང་།  ཙག་དང་བསེར་བུའི་རྒྱུ་བ་བཙན་པའི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་ཡིད་ལ་དྲན་ཡོང་སྲིད་པ་ལྟར།  དགའ་བདེ་རྫོང་གི་འབྲོག་པ་མང་ཚོགས་རྣམས་ལ་མཚོན་ནའང་དགུན་ཁའི་དུས་སུ་ཆེས་སེམས་འཁུར་བྱེད་ས་ནི་རང་གི་འཚོ་གནས་ཀྱི་རྟེན་གཞི་རུ་གྱུར་བའི་ཕྱུགས་ཟོག་ལ་ཁངས་སྐྱོན་གྱིས་གནོད་འཚེ་ཐེབས་མིན་དེ་རེད།  གནས་ཚུལ་དེར་དམིགས་ནས།  དགའ་བདེ་རྫོང་ཞིང་ཕྱུགས་ནགས་ལས་ཚན་རྩལ་ཅུའུ་ཡིས་གནོད་འགོག་ཕྱུགས་སྐྱོབ་ཀྱི་བྱ་བ་གང་ལེགས་བསྒྲུབས་ནས།དགུན་དཔྱིད་སྐབས་སུ་འབྲོག་པ་མང་ཚོགས་ལ་ཞབས་ཞུ་བཟང་བོ་ཞིག་སྒྲུབ་རྒྱུ་དེ་ཡིན་ངེས།