《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》དངོས་སུ་འགྲེམས་སྤེལ་གནང་།
2020.01.14 ཁུངས། ཀློག་གྲངས། 349

2020ལོའི་ཟླ་དང་པོར། མཚོ་ལྷོ་བོད་ཡིག་ཚགས་པར་གྱིས་རྩོམ་སྒྲིག་གནང་བའི་སྙན་དེབ《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》དངོས་སུ་འགྲེམས་སྤེལ་བྱས།

མཚོ་ལྷོ་བོད་ཡིག་ཚགས་པར་ནི་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ལས་ཁུངས་ཀྱི་ཚགས་པར་ཡིན་ལ། ཚགས་པར་འདི་དངོས་སུ་འགྲེམས་སྤེལ་བྱས་པའི་ཚུན་ལ། ཏང་གི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བ་གཙོར་བཟུང་ཐོག གཞི་རིམ་རོང་འབྲོག་མང་ཚོགས་ལ་ཞབས་འདེགས་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་སོགས་དྲིལ་སྒྲོག་བྱས་པས། རང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན། ཉམས་མྱོང་བསྡུ་ལེན་དང་བྱ་གཞག་གོང་འཕེལ་དུ་གཏོང་ཆེད། ཉེ་བའི་ལོ་འགའི་རིང་ངེད་མཚོ་ལྷོ་བོད་ཡིག་ཚགས་པར་གྱི་པར་ངོས་བཞི་བའི་སྟེང་བཀོད་ཟིན་པའི་སྙན་ངག་བརྩམས་ཆོས་གཙོར་བྱས་པའི་བོད་ཁུལ་གྱི་འཕེལ་རྒྱས་རྣམ་པ་དང་མི་རིགས་མཐུན་སྒྲིལ་གསར་འཛུགས་སོགས་དྲང་ནུས་བརྗོད་པའི་ལེགས་རྩོམ་བདམས་བཀོད་བྱས་ནས། 《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》ཞེས་པ་དངོས་སུ་འགྲེམས་སྤེལ་བྱས།

སྙན་དེབ་འདི་ཁྱོན་བསྡོམས་སྙན་ངག་བརྩམས་ཆོས་ལེགས་གྲས70ཡིས་གྲུབ་ཅིང་། ཤོག་ངོས300དང་ཡིག་གྲངས་ཁྲི20ལྷག་ཡོད་ལ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་ཕུལ་བའི་ལེགས་སྐྱེས་དང་རང་ཁུལ་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་ལ་དགེ་མཚན་མི་དམན་པ་བསྐྲུན། 

 

ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་ནི་མཐོ་སྒང་དང་རྩྭ་ཐང་ལས་འཕྱུར་བའི་རླབས་ཕྲེང་སྔོན་མོ་དེ་ཡིན་ལ། སྙན་ངག་པ་དག་གི་ནང་སེམས་ནས་བརྡོལ་བའི་རླབས་ཀྱི་ཟེགས་མ་དེའང་ཡིན། ལྷག་པར་དུ་རླབས་ཆེ་བའི་དུས་རབས་ཤིག་གིས་མཐོ་སྒང་གི་མི་དམངས་ལ་བསྩལ་བའི་བདེ་སྐྱིད་ཀྱི་རླབས་ཕྲེང་དཀར་པོ་དེའོ།།

མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁུང་ཀྲན་ཝེ་ནས།