མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཡི་དབོར་འདྲེན་ལས་དོན་ལ་ཤུགས་སྣོན་བྱས།
2020.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཡི་དབོར་འདྲེན་ལས་དོན་གོ་རིམ་ལྡན་པ་དང་ནུས་ལྡན་ངང་སྤེལ་ཐུབ་པ་དང་། ནད་པ་དབོར་འདྲེན་བྱེད་པའི་བརྒྱུད་རིམ་ནང་རིམས་ནད་མཆེད་རྒྱུ་སྔར་ལས་ཇེ་ཉུང་དུ་གཏོང་ཆེད། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་བླང་བྱ་གཞིར་བཟུང་ནས། ཉེ་ཆར་ཞིང་ཆེན་རིམས་ནད་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་སྨན་བཅོས་སྲོག་སྐྱོབ་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཕོག་ མཁན་རིམ་དབྱེའི་བརྒྱུད་འདྲེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་དངོས་སུ་པར་འགྲེམས་བྱས། 

བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་པ་སོ་སོའི་འཕྲོད་བསྟེན་དང་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་ཁོངས་གཏོགས་ཁུལ་གྱི་དོགས་ཡོད་ནད་པ་དང་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་གནས་གཏན་འཁེལ་བྱས་ཟིན་པའི་སྐྱོབ་བཅོས་སྨན་ཁང་དུ་གཅིག་སྡུད་སྐྱོབ་བཅོས་བྱེད་པའི་བཀོད་འདོམས་བཀོད་གཏོང་ལས་དོན་ལ་སྤྱི་འདོམས་འགན་འཁུར་དགོས་པ་དང་། རིམ་པ་སོ་སོའི་སྨན་བཅོས་སྒྲིག་གཞིས་སྔོན་ཚུད་ནས་བརྟག་དཔྱད་དང་དབྱེ་ནས་བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བའི་ནད་རྟགས་འདྲ་བའམ་ཡང་ན་གཏན་འཁེལ་བྱས་པའི་ནད་པར་རིམ་པ་དབྱེ་ནས་ནད་བརྟག་སྨན་བཅོས་བྱེད་པའི་དྲ་བ་འཛུགས་པ་དང་འབྲེལ་ནས། རིམས་ནད་འཕེལ་རྒྱས་འགྲོ་ཚུལ་ལ་གཞིགས་ནས་བབ་བསྟུན་ལེགས་སྒྲིག་བྱས་ཏེ་རྩ་དོན་ཐོག་ཐག་ཉེ་ས་དང་ས་གནས་དེ་གར་དོ་དམ་དང་རིམ་པ་དབྱེ་ནས་ཐག་གཅོད་བྱེད་པའི་རྩ་དོན་གཞིར་བཟུང་ནས་སྨན་བཅོས་བྱེད་དགོས། ཟི་ལིང་ས་ཁུལ་གྱི་འཁོར་སྐྱོད་ནད་པར་ཞིང་ཆེན་འཕྲལ་སྡོམ་སྨན་བཅོས་རོགས་སྐྱོབ་ལྟེ་གནས་ཀྱིས་འགན་འཁུར་རྒྱུ་དང་། ས་ཁུལ་གཞན་པར་གྲོང་ཁྱེར་དང་ཁུལ་རིམ་པའི་མྱུར་སྐྱོབ་ལྟེ་གནས(ས་ཚིགས)སམ་ཡང་ན་དམིགས་བཙུགས་སྨན་བཅོས་སྒྲིག་གཞིས། ནད་པ་གྲོང་ཁྱེར་དང་ཁུལ་རིམ་པའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་དབོར་བའམ་ཡང་ན་གནས་ཚུལ་ལ་གཞིགས་ནས་གོང་རིམ་གནས་གཏན་འཁེལ་གྱི་སྨན་ཁང་དུ་དབོར་འདྲེན་བྱེད་དགོས་ཟེར།

བརྡ་ཐོའི་ནང་གཞི་རིམ་སྨན་བཅོས་སྒྲིག་གཞིས་རྫོང་རིམ་པའི་སྨན་ཁང་དུ་སྐྱེལ་འདྲེན་དང་། རྫོང་རིམ་པའི་སྨན་ཁང་གིས་གྲོང་ཁྱེར་དང་ཁུལ་རིམ་པའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྐྱེལ་འདྲེན་བྱེད་པ། གྲོང་ཁྱེར་དང་ཁུལ་རིམ་པའི་སྨན་ཁང་གིས་ཞིང་ཆེན་རིམ་པའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྐྱེལ་འདྲེན་བྱེད་དགོས་པའི་ལས་རིམ་ཁ་གསལ་བཏོན་ཡོད། དེ་མིན་ད་དུང་དམངས་གཉེར་སྨན་ཁང་དང་སྨན་བཅོས་ཁང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་གཞན་དག་གི་བརྒྱུད་འདྲེན་བརྒྱུད་རིམ་ཀྱང་ཁ་གསལ་བཟོས་ཡོད། འཁོར་སྐྱོད་ཀྱི་དོགས་ཡོད་ནད་པ་དང་ཡང་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་པར་ཆེད་མི་དང་ཆེད་གཏོང་རླངས་འཁོར། ཆེད་གཏོང་སྒྲིག་ཆས་བཅས་བཀོད་སྒྲིག་བྱེད་པའི་ལམ་ལུགས་ལག་ལེན་དུ་བསྟར་ནས། དུག་སེལ་རླངས་འཁོར་དང་མི་སྣས་འགོག་སྲུང་གྱོན་ཆས་གྱོན་པ་སོགས་ཀྱི་ཞིབ་ཕྲའི་ལས་ཀ་ཡི་བརྒྱུད་རིམ་སྔར་ལས་ཁ་གསལ་བཟོས།