
རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བན་དེ་སྐྱབས་དང་སྐལ་བཟང་རྣམ་རྒྱལ་གཉིས་ཀྱིས་བཀོད་པའི་གསར་འགྱུར།
ཟླ2ཚེས15ཉིན་གྱི་ཕྱི་དྲོའི་ཆུ་ཚོད14ཡི་ཐོག་མཚོ་སྔོན་ཞིང་ཆེན་དུ་དྲག་སྐྱེད་བྱུང་བའི་གློ་ཚད་ཕོག་པའི་ནད་པ2དྲག་སྐྱེད་བྱུང་སྟེ་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས་ཕྱིར་བུད་ཅིང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་ནས་སྒོར་བུད་པའི་ནད་པ་སྐོར་ལྔ་བ་རེད། ད་ཆ། མཚོ་སྔོན་གྱིས་གཏན་འཁེལ་བྱས་པའི་ནད་པ18ལས་བསྡོམས་པས་ནད་པ13སྨན་ཁང་ནས་ཕྱིར་བུད། སྨན་ཁང་ནས་ཕྱིར་བུད་པའི་ནད་པར་ཉུང་མཐར་ཡང་ཉིན14 ཡི་རིང་གསོ་རིག་ལྟ་སྐྱོང་འོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་དགོས་པ་དང་། ལོགས་སུ་བཀར་བའི་རིང་ལ། ནད་པར་ཉིན་རེར་ཐེངས་གཉིས་ལ་ལུས་དྲོད་ཚད་ལེན་བྱས་ཡོད་པ་རེད།

ནད་པ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིད་འབུད་ཀྱིན་པ།
ཏོག་གསར་གློ་ཚད་ཀྱི་ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པ། ཞིང་ཆེན་མི་དམངས་སྨན་ཁང་གི་དབུགས་ལམ་དང་ནད་གཞི་ཚབས་ཆེན་གསོ་རིག་ཚན་ཁག་གི་ཀྲུའུ་རིན། སྨན་པ་དཀའ་བཅུ་པ་ཀུའུ་ཡུས་ཧའེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ1ཚེས25ཉིན་ནས་ད་བར། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཆེད་མཁས་པས་སྨན་ཁང་དུ་སྡོད་པའི་ནད་པར་སྔ་རྗེས་སུ་ནད་དཔྱད་ཐེངས20བྱས་ཏེ། ནད་གཞིར་དམ་པོར་དམིགས་པ་དང་དོ་ཁུར་དམ་ཟབ་བྱས་ནས། སྨན་བཅོས་ཀྱི་ཇུས་གཞི་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་ནད་པར་ངོས་བཟུང་བའི་ནད་པ18ལས་ད་སྔ་སྨན་ཁང་ནས་སྒོར་བུད་པའི་ནད་པ13ཡོད་པ་དང་། ད་དུང་ནད་པ5སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད། ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག་དང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་དང་། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གི་བླང་བྱ་ལྟར། ནུས་ཤུགས་ཡོད་རྒུས་སྨན་བཅོས་སྲོག་སྐྱོབ་བྱ་རྒྱུ་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ད་ལྟའི་ གློ་ཚད་སྨན་བཅོས་སྲོག་སྐྱོབ་ལས་ཀར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཟེར།
ཏོག་གསར་གློ་ཚད་ཀྱི་ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པ། ཞིང་ཆེན་མི་དམངས་སྨན་ཁང་གི་ནད་ལྕི་གསོ་རིག་ཚན་ཁག་གི་ཀྲུའུ་རིན། སྨན་པ་དཀའ་བཅུ་པ་དབྱང་ཀྲིན་ཕིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། དེ་རིང་སྨན་ཁང་ནས་སྒོར་བུད་པའི་ནད་པ་ནི་མཚོ་སྔོན་ཞིང་ཆེན་གྱི་ནད་གཞི་ལྕི་མོ་ཕོག་པའི་ནད་པ་ཐོག་མ་དེ་ཡིན་པ་དང་། སྨན་ཁང་དུ་སྡོད་སྐབས་ཀྱང་ནད་བབ་ལྕི་བའི་དབང་གིས་སྲོག་ཉེན་གྱི་གནས་སུ་ལྷུང་ཡོད་ནའང་། ཞིང་ཆེན་རིམ་པའི་ཆེད་མཁས་པ་རྣམས་ལྷན་ཏུ་འཛོམས་ནས་ནད་དཔྱད་ཐེངས་མང་བྱས་པ་དང་། རྒྱལ་ཁབ་རིམ་པའི་ཆེད་མཁས་པ་དང་འབྲེལ་གཏུག་ཧུར་ཐག་བྱས་ནས། སྨན་བཅོས་ཇུས་གཞི་ལེགས་སྒྲིག་ཐེངས་གང་མང་བྱས་ཏེ། ཉིན16རིང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ནད་གཞི་དེའི་གློ་བའི་ནད་ཚང་དྲུངས་འབྱིན་བྱས། འབྱིན་རྔུབ་འཕྲུལ་ཆས་ལ་བརྟེན་ནས་དབྱང་དབུགས་རྔུབ་ལེན་བྱེད་པ་དང་། གདོང་ཁེབས་ལ་བརྟེན་ནས་དབྱང་དབུགས་རྔུབ་པ། སྣ་འདྲེན་སྦུ་གུ་ལ་བརྟེན་ཏེ་དབྱང་རྔུབ་པ་ནས་དབྱང་འདོར་བ་བཅས་ཀྱི་ཐབས་ཤེས་ཡང་ཡང་བཏོན་མཐར། ནད་པའི་དབྱང་དབུགས་ལོངས་ཚད་དང་དབྱང་དབུགས་འདྲེས་ཚད་རིམ་བཞིན་རྒྱུན་ལྡན་དུ་གྱུར་བ་ལས་གཞན། ནད་པའི་དམིགས་ཚད་གཞན་དག་ཀྱང་ཚད་ལྡན་དུ་གྱུར་ནས་སྨན་ཁང་ནས་ཕྱིར་བུད་ན་ཆོག་པའི་ཚད་གཞིར་ལོངས་ཟེར།

ཏོག་གསར་གློ་ཚད་ཀྱི་ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པའི་ཚན་ཆུང་གི་ཚན་གཙོ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་ཡོན་ཀྲང་ཞི་ཨའེ་ཆི་ཡིས་བཤད་རྒྱུར། ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་སྨན་བཅོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཇོན་ཐང་ཆེ་ཤོས་ཀྱི་ཚོགས་པ་སྒྲིག་འཛུགས་བྱས་ཤིང་། ཆེད་མཁས་པའི་ཚོགས་ཆུང་གིས་བཟོས་པའི་སྨན་བཅོས་ཇུས་གཞི་དོན་འཁྱོལ་ནན་མོ་བྱས་ཏེ། ཉིན་ལྟར་ནད་གཞིར་དཔྱོད་འཇོག་དང་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་པའི་ཁར། སེམས་ཁམས་ཁྲིད་སྟོན་དང་འཚོ་བཅུད་རྒྱབ་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ནད་པར་སྨན་བཅོས་བྱ་རྒྱུར་གཞོགས་འདེགས་བྱེད་པར་སྐུལ་མ་གཏོང་བ་བཅས་བྱས་ཏེ། ནད་པ་ནད་གཞི་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་བློ་སྤོབས་ཆེ་རུ་བསྐྱེད། རང་ཞིང་གི་ཏོག་གསར་གློ་ཚད་སྨན་བཅོས་སྲོག་སྐྱོབ་ལས་ཀར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལྷག་པར་དུ་གློ་ཚད་ཀྱི་ནད་ལྕི་མོ་དྲག་སྐྱེད་འབྱུང་བའི་ཐད་ཉམས་མྱོང་ཆེན་པོ་བསགས་ཡོད་ཟེར།