མཚོ་སྔོན་ཞིང་ཆེན་གྱིས་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།
2020.02.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

མིག་སྔར་ནི་དཔྱིད་དུས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་འགོག་དུས་སྐབས་དང་རིམས་ནད་སྔོན་འགོག་ཚོད་འཛིན་དུས་སྐབས་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་འགན་སྒྲུབ་ནན་མོ་དང་རང་འགུལ་གྱིས་འབད་འཐབ་བྱས་པ་དང་། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་ཕྱོགས་གཅིག་ནས་ནགས་ཚལ་རྩྭ་ཐང་གི་མེ་འགོག་ལ་དམ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བདེ་འཇགས་ཀྱི་ཕྱི་ཕྱོགས་ཁོར་ཡུག་བཟང་བོ་བསྐྲུན།

མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོས་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་འགན་འཁྲི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ས་གནས་སྲིད་འཛིན་དཔོན་པོའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ཏེ། ལས་གནས་འགན་འཁྲི་དང་མེ་འགོག་མེ་གསོད་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་ནགས་ཚལ་མེ་འགོག་མཛུབ་སྟོན་ཚན་ཆུང་གི་གཅིག་གྱུར་བཀོད་འདོམས་འོག ལས་འགན་བགོ་བཤའ་བྱེད་པ་དང་། འབྲེལ་བ་སྦྲེལ་མཐུད་གཏན་ཁེལ་བྱས་ནས། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལ་ཕྱོགས་བསྡུས་མཛུབ་སྟོན་བྱེད་པའི་འབྲེལ་ཡོད་བྱ་བ་ཕྲག་ཏུ་ལེན་པ་དང་། མེ་སྐྱོན་སྔོན་འགོག་ཚོད་འཛིན་དང་ལྟ་སྐུལ་དོ་དམ་ཐད་ཤུགས་སྣོན་པ། མེ་སྐྱོན་འགོག་སྐྱོབ་ཐད་ཀྱི་རིམ་བགོས་དང་ལེན་བཟང་བོ་བསྒྲུབ་ནས། ཉེན་ཁ་ཆེན་པོ་སྔོན་འགོག་བྱེད་དགོས། ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་འབྲེལ་ཡོད་བྱ་བ་ལག་བསྟར་ནན་མོ་བྱས་ཏེ། མེ་འགོག་སྐོར་སྲུང་དང་མེ་ཁུངས་དོ་དམ། ཉིན་རྒྱུན་གྱི་ཞིབ་བཤེར། དྲིལ་སྒྲོག་སློབ་གསོ། མེ་འགོག་སྒྲིག་ཆས་འཛུགས་སྐྲུན་དང་ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་སྔ་མོ་ནས་ཐག་གཅོད་པའི་བྱ་བ་སྤེལ་དགོས། གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ནམ་ཟླའི་ཆ་རྐྱེན་དང་གནམ་གཤིས་གནས་ཚུལ་གྱི་སྔོན་དཔོག་སྔོན་བརྡ་ལ་ཤུགས་བསྣན་ནས། དུས་ཐོག་ཏུ་ནགས་ཚལ་གྱི་མེ་སྐྱོན་འབྱུང་སླ་བའི་གནམ་གཤིས་སོགས་ཀྱི་སྔོན་བརྡ་དང་མེ་སྐྱོན་འབྱུང་ཉེན་ཆེ་བའི་གནམ་གཤིས་སྔོན་བརྡ་ཆ་འཕྲིན་སྤེལ་བར་ཤུགས་སྣོན་དགོས་ཟེར།

རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་མེ་འགོག་མེ་གསོད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལྷོད་གཡེང་གི་བསམ་བློ་མེད་པར་བྱེད་པ། རིམ་པ་བཞིན་མེ་འགོག་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ས་སྲུང་འགན་ཡོད་ས་སྲུང་འགན་ལེན། ས་སྲུང་འགན་སྒྲུབ་བྱེད་པ། མིའི་རྐྱེན་གྱིས་བྱུང་བའི་ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་དང་མི་སྣར་འཆི་རྨས་འབྱུང་བའི་དོན་རྐྱེན། ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་ཆེན་པོ་འབྱུང་བར་བཀག་འགོག་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། 

རིན་ཆེན་མཚོས་བསྒྱུར།