ཁྲི་ཀའི་ལྷ་ཁང་ཐང་སྡེ་བའི་ཐོང་འབྱེད་ཆོ་ག
དཔྱིད་རླུང་དྲོན་མོ་ངང་གིས་ལྡང་བ་དང་བསྟུན་ནས། རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་ཞིང་ལས་ས་ཆ་སོ་སོ་ནས་དཔྱིད་ཀྱི་རྨོ་འདེབས་ལ་སྟ་གོན་བྱེད་པའི་ལས་ཀ་མགོ་རྩོམ་པ་ཡིན། ས་གནས་ཀྱི་སྲོལ་རྒྱུན་ལྟར་རྒྱ་ལོའི་ཚེས་པ་ཉི་ཤུ་དྲུག་ནི་ལོ་གཅིག་གི་ཐོང་ག་འབྱེད་པའི་ཉིན་མོ་ཡིན་པས། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་ལྷ་ཁང་ཐང་སྡེ་བས་སྔར་ལོ་བཞིན་ཐོང་ག་འབྱེད་པའི་ཆོ་ག་གཟབ་རྒྱས་ངང་སྤེལ།
ཁྲི་ཀ་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བ་ལེགས་པར་བསྒྲུབས་པ་དང་མཉམ་དུ། སྔ་མོ་ནས་འཆར་གཞི་དང་བཀོད་སྒྲིག་ཡོད་པའི་སྒོ་ནས་ཞིང་ལས་དངོས་ཟོང་སྣ་ཚོགས་གྲ་སྒྲིག་སྐྱེལ་འདྲེན་དང་རྒྱུ་སྤུས་ཞིབ་བཤེར། དེ་མིན་ཞིང་ཆུའི་ཆུ་རྐ་ཡོངས་རྫོགས་གཙང་སེལ་བྱེད་པ་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབས་ནས། རྫོང་ཡོངས་ཀྱི2020ལོའི་རྨོ་འདེབས་བྱ་བ་བདེ་བླག་ངང་མགོ་རྩོམ་པར་ཁག་ཐེག་བྱས།
ཡོང་ཁུངས། མཚོ་ལྷོ་ཚགས་པར་ཁང་།