མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་སྔོན་ཐོན་ཐུན་མོང་བཅོ་བརྒྱད་དང་སྔོན་ཐོན་མི་སྒེར་དོན་གསུམ་ལ་གཟེངས་བསྟོད་བྱས།
2020.02.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཉེ་སྔོན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་དོན་གསུམ་ལ་གཟེངས་བསྟོད་རྒྱུའི་ཐག་བཅད།

མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་གྱི་བརྡ་ལེན་རིམ་པ་དང་པོ་ལག་བསྟར་བྱས་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་ཉེན་རྟོག་པ། ཉེན་རྟོག་ལག་རོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཅིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གཞིར་བཟུང་ནས།  རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་དང་བཀོད་སྒྲིག་དང་ལེན་བྱས་པ་དང་། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཏང་ཨུའི་ཟུང་འབྲེལ་དྲུག་གི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་ལ། སྤྱི་བདེ་ལས་ཁུངས་ཀྱི་བརྗོད་དོན་དང་གཙོ་འགན་གཙོ་ལས་དང་ཟུང་འབྲེལ་དམ་ཟབ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་གཡུལ་འགྱེད་ཁྲོད་ཞུགས་ནས། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བས། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་སྤྱི་ཚོགས་ཁོར་ཡུག་རྒྱུན་མཐུད་ངང་བདེ་འཇགས་གཏན་འཇགས་ཡོང་བར་ཁག་ཐེག་བྱས་ཟེར།

སྔོན་ཐོན་ལ་གཟེངས་བསྟོད་དང་སྐུལ་སློང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཡན་ལག་རུ་ཁག་སོགས་སྔོན་ཐོན་བཅོ་བརྒྱད་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ཤར་ཡན་ལག་ཅུའུ་བརྒྱད་གཅིག་ལམ་མངག་གཏོང་ཁང་གི་ཉེན་རྟོག་པ་ཀྲང་ཀའོ་ལིས་སོགས་སྔོན་ཐོན་མི་སྒེར་དོན་གསུམ་ལ་གཟེངས་བསྟོད་བྱེད་རྒྱུའི་ཐག་བཅད།

རིན་ཆེན་མཚོས་བསྒྱུར།