མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནི་དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་ལེན་བྱེད་པའི་གདོང་ལེན་སྲུང་སྐྱོབ་པ་རྣལ་མ་དེ་ཡིན།
2020.02.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 86

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བན་དེ་སྐྱབས་དང་རིག་འཛིན་ཐར་གྱིས་བཀོད་པའི་གནས་ཚུལ།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནི་སྨན་བཅོས་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག བདེ་སྲུང་སྔོན་འགོག་བཅས་གཞི་གཅིག་ཏུ་འདུས་ཤིང་། མཆིན་ནད་དང་གློ་ནད། ལས་རིགས་ཀྱི་ནད་བཅས་སྨན་བཅོས་བྱ་རྒྱུ་གཙོ་བོར་འཛིན་པ། བུད་མེད་ཀྱི་ནད་རིགས་ཆེ་མ་ཆུང་གསུམ་སྨན་བཅོས་བྱ་རྒྱུའི་ཐད་ཉམས་མྱོང་ངེས་ཅན་ཡོད་པ། ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེན་པོ་ལྡན་པ་བཅས་ཀྱི། མཚོ་སྔོན་གྱི་ཀ་གསུམ་རིམ་པའི་ཆེད་ལས་སྨན་ཁང་གཅིག་པུ་དེ་ཡིན། སྨན་ཁང་ཡོངས་ཀྱི་ལས་བཟོ་པ་ཚང་མས་ཚེ་སྲོག་ལ་གོང་བཀུར་དང་ཉམ་ཐག་གི་ནད་པ་རྣམས་ན་བའི་སྡུག་བསྔལ་ལས་སྐྱོབ་པ། ཅི་ནུས་སྒོས་ལེགས་སྐྱེས་གྱ་ནོམ་པ་འབུལ་བ། བྱམས་བརྩེ་མཐའ་ཡས་བཅས་ཀྱི་ལས་རིགས་སྙིང་སྟོབས་དུས་རྟག་པར་རང་གི་སེམས་པའི་རྟེན་དང་སྙིང་གི་དཀྱིལ་ལ་ཉར་ཏེ།  བརྩེ་སེམས་ཀྱིས་ཕྱུག་པའི་ཕན་བདེའི་ཕྱག་ཟུང་དུས་ནམ་ཡིན་ཡང་སྤྱི་ཚོགས་ཀྱི་ཕྱོགས་སུ་བསྙོན་མེད་རིང་དུ་བརྐྱངས་ཡོད་ཅིང་། མིའི་ཚེ་སྲོག་བདེ་ཐང་ལ་མཚན་མོའི་མེལ་ཚེ་བ་ལྟ་བུའི་དོ་ཁུར་གང་གཟབ་བྱས་ཏེ། བྱང་ཆུབ་པའི་སྨན་བཅོས་ལག་རྩལ་དང་ལས་རིགས་ཀྱི་སྤྱོད་ལམ་བཟང་པོ། ཕྱོགས་བསྡུས་ཀྱི་དངོས་ཤུགས་ཆེན་པོ་བཅས་ལ་བརྟེན་ནས། མཚོ་བོད་མཐོ་སྒང་ན་འཚོ་ཞིང་གནས་པའི་མི་རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་དང་འགན་ལེན་གང་ལེགས་བྱེད་ཀྱིན་ཡོད།

ཏོག་གསར་གློ་ཚད་བྱུང་མ་ཐག མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྨན་བཅོས་སྲོག་སྐྱོབ་བྱེད་གནས་གཙོ་བོ་ཞིག་ཡིན་ལ། ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་ཞིང་ཆེན་རིམ་པའི་ཆེད་མཁས་པ་རྣམས་དང་མཐུན་པའི་ལག་གདང་སྦྲེལ་ནས། ཏོག་གསར་གློ་ཚད་འགོས་པའི་ནད་པ་ཚང་མ་གཅིག་ཀྱང་མ་ལུས་པར་སངས་དྲག་བྱུང་དུ་བཅུག་སྟེ། སྨན་ཁང་ནས་ཕྱིར་འབུད་དུ་བཅུག་པ་དེས། ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་ཕྱོགས་བསྡུས་སྟོབས་ཤུགས་ཆེན་པོ་ལྡན་པ་དང་སྨན་བཅོས་སྲོག་སྐྱོབ་ཀྱི་ཉམས་མྱོང་འཛོམས་པོ་ལྡན་པ་ར་སྤྲོད་གསལ་བོ་བྱས་ཡོད། ད་ཆ་ཏོག་གསར་གློ་ཚད་ཀྱི་འགོས་ནད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། འགོས་ནད་གཞི་རྩའི་ཆ་ནས་ཚོད་འཛིན་བྱས་པའི་འགྲོས་དང་བསྟུན་ནས། ཞིང་ཆེན་སྨན་ཁང་བཞི་པས་ཀྱང་སྨན་བཅོས་ཀྱི་ལས་སྒོ་ཡོད་ཚད་རྒྱུན་ལྡན་ལྟར་སླར་གསོ་བྱས་ཡོད།

ཞིང་ཆེན་སྨན་ཁང་བཞི་པས་དུས་ཡུན་རིང་པོར་སྨན་ཁང་ལ་རྒྱབ་སྐྱོར་དང་ཐུགས་ཁུར་ཟབ་བཞེས་གནང་མཁན་གྱི། ལས་རིགས་སོ་སོའི་སྡེ་ཁག་དང་བྱམས་བརྩེ་ལྡན་པའི་མི་སྣར་དྲིན་གཟོའི་སླད་དུ།  ཟླ2ཚེས26ཉིན་ནས་ཟླ3ཚེས8ཉིན་བར་ནད་གཞི་བརྟག་དཔྱད་ཀྱི་སྨན་རིན་དང་ནད་ཐོ་འགོད་གླ་ལེན་རྒྱུ་མིན་ལ། དུས་མཚུངས་སུ་རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་དང་བསྟུན་ནས། ཟླ3ཚེས5ནས་ཟླ3ཚེས8ཉིན་བར། རིན་མེད་སྒོས་རྒྱ་ཆེའི་བུད་མེད་རྣམས་ཀྱི་མོ་ནད་ལ་བརྟག་དཔྱད་བྱེད་རྒྱུ་རེད།  རྒྱ་ཆེའི་ནད་པ་རྣམས་ཀྱིས་གཤམ་གྱི་དོན་ཚན་དག་ལ་མཉམ་འཇོག་གནང་རོགས།

གཅིག སྤྱིར་བཏང་སྒོ་བསྟེན་གྱིས་ཞོགས་པའི་ཆུ་ཚོད7:30ཐོག་ ནད་བརྟག་སྨན་བཅོས་བྱེད་རྒྱུ་ཡིན་ལ། ཆེད་མཁས་སྒོ་བསྟེན་ཀྱིས་ཆུ་ཚོད8དང་སྐར་མ30ཡི་ཐོག་རྒྱུན་ལྡན་ལྟར་ནད་བརྟག་སྨན་བཅོས་བྱེད་རྒྱུ་རེད།

གཉིས། ཚ་རྒྱས་སྒོ་བསྟེན་དེ་ད་ཡོད་ཀྱི་བརྒྱུད་རིམ་ལྟར་འཁོར་རྒྱུག་བྱས་ནས། རྒྱལ་ཁབ་དང་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གི་བླང་བྱ་ཁག་ཚང་མ་དོན་འཁྱོལ་ནན་མོ་བྱེད་རྒྱུ་རེད།

གསུམ། སྨན་ཁང་དུ་ཡོང་ནས་ནད་སྟོན་མཁན་གྱི་ནད་པ་དང་ཁྱིམ་མིས་ཁ་ཐུམ་བརྒྱབ་ནས་སྨན་ཁང་གི་སྨན་བཅོས་ལས་དོན་མི་སྣར་གཞོགས་འདེགས་བྱས་ཏེ་ལུས་དྲོད་འཇལ་དགོས།

མི་དམངས་སྨན་ཁང་བཞི་པའི་སྨན་པ་དང་ལས་བཟོ་བ་ཡོངས་ཀྱིས་ལྷག་བསམ་རྣམ་དག་གི་སྒོ་ནས་ཁྱེད་ཅག་ལ་བདེ་འཇགས་དང་བདེ་ཐང་གི་ཞབས་ཞུ་ལེགས་པོ་མཁོ་འདོན་བྱ་རྒྱུ་རེད།མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནི་དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་ལེན་བྱེད་པའི་གདོང་ལེན་སྲུང་སྐྱོབ་པ་རྣལ་མ་དེ་ཡིན་ནོ། །