མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ནགས་ཚལ་ཐོན་ཁུངས་སྤྱི་ཆིང་ས་ཡ་ལྔ་དང་འབུམ་དགུ་ཁྲི་གཉིས་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་ཐོབ།
2020.03.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭ་སྡེ་ཁག་གིས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱེད་པར་དམིགས་ནས་རྒྱལ་ཁོངས་ལྗང་བསྒྱུར་དང་བྱང་གསུམ་སྲུང་སྐྱོབ་ནགས་ཚལ་འཛུགས་སྐྲུན། རང་བྱུང་ནགས་ཚལ་སྲུང་སྐྱོབ། རྨོ་བསྐྱར་ནགས་བསྐྲུན་དང་རྨ་བསྐྱར་རྩྭ་གསོ། བྱེ་འགོག་བྱེ་སྐྱོང་། རྩྭ་ཐང་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་བཅས་རྒྱུན་མཐུད་ངང་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རང་བྱུང་ནགས་ཚལ་ཐོན་ཁུངས་སྤྱི་ཆིང་ས་ཡ་ལྔ་དང་འབུམ་དགུ་ཁྲི་གཉིས་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་ཐོབ།

ཉེ་བའི་ལོ་འགའི་རིང་ལ། རང་བྱུང་ནགས་ཚལ་སྲུང་སྐྱོབ་ཀྱི་བཟོ་སྐྲུན་དང་པོ་དང་གཉིས་པ་ལག་བསྟར་བྱས་པ་བརྒྱུད་དེ། ཞིང་ཆེན་ཡོངས་སུ་བསྡོམས་པས་ནགས་ཚལ་སྤྱི་ཆིང་འབུམ་བདུན་དང་ཁྲི་བརྒྱད་སྟོང་དྲུག་ལྷག་བསྐྲུན་པ་དང་། བཟོ་སྐྲུན་ཁུལ་གྱི་ནགས་ཚལ་ཁེབས་ཚད་བརྒྱ་ཆའི་ལྔ་ཙམ་ནས་བརྒྱ་ཆའི་བཅུ་གཅིག་ལྷག་ལ་འཕར། རང་བྱུང་ནགས་ཚལ་ཐོན་ཁུངས་ཀྱི་རྒྱ་ཁྱོན་དང་གསོག་ཉར་གཉིས་ཀྱི་འཕར་སྣོན་མངོན་འགྱུར་བྱས་པ་དང་། ནགས་ཁུལ་གྱི་སྐྱེ་དངོས་སྣ་འཛོམས་རང་བཞིན་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དང་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་དུ་ཇེ་བཟང་དུ་སོང་ལ། རྨང་གཞི་སྒྲིག་ཆས་ཁྱོན་ཡོངས་ནས་ཇེ་ལེགས་སུ་སོང་བ་དང་སྤྱི་ཚོགས་འཕེལ་རྒྱས་འཆམ་མཐུན་གཏན་འཇགས་སུ་གཏོང་བའི་རྣམ་པ་བཟང་བོ་གྲུབ་པར་བྱས་པ་དང་། ཁྱོན་ཡོངས་ཀྱི་སྲུང་སྐྱོབ་དང་མ་ལག་སླར་གསོ། སྤྱོད་སྒོ་ཚོད་སྡོམ། དབང་ཆ་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པའི་རང་བྱུང་ནགས་ཚལ་སྲུང་སྐྱོབ་སླར་གསོ་ལམ་ལུགས་བཙུགས།

དེའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་ནགས་དཔོན་ལམ་ལུགས་དང་དམིགས་འབེན་འགན་འཁྲི་དཔྱད་ཞིབ་ལམ་ལུགས་སོགས་ལམ་ལུགས་ལག་བསྟར་བྱས་པ་དང་། ནགས་ཁུལ་གྱི་རིག་ནུས་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ལ། དོ་དམ་སྲུང་སྐྱོབ་སོགས་དེང་རབས་ཅན་གྱི་རྨང་གཞི་སྒྲིག་ཆས་དང་གོ་ཆས་དངུལ་གཏོང་ཐད་ཤུགས་བསྣན་ནས། དོ་དམ་སྲུང་སྐྱོབ་མི་སྣའི་དོ་དམ་ལམ་ལུགས་དང་མཉམ་སྡོམ་རྐྱེན་སྲོལ་བཙུགས།

རིན་ཆེན་མཚོས་བསྒྱུར།